ངའི་བླ་དང་སྲོག
ཡིག་གཟུགས་དུས་ཆེན་དང་འབྲེལ།
རྩོམ་པ་པོ། འབྲོག་རུ་ཚུལ་ཁྲིམས།
དེང་ཆར་ངས་ནི་བྱ་འགུལ་ཞེས་པ་དང་འགྲན་བསྡུར་ཞེས་པའི་ཐ་སྙད་འདི་གཉིས་ཐོས་དུས་ན། ན་ནིང་ད་ལོར་སྨྱོན་པའི་ལག་ལ་རལ་གྲི་ཤོར་བ་ཞེས་པའི་དཔེ་ལྟར་དྲྭ་ལམ་ན་དྲྭ་ཇག་དཔུང་སྡེ་མང་པོས་ཆོ་མེད་ལུགས་མེད་ཀྱི་བྱ་འགུལ་དང་འགྲན་བསྡུར་ལ་བསྙད་བཏགས་ནས་མི་གྲངས་འཚོལ་ཐབས་དང་བོད་འབངས་བསླུ་ཐབས། མི་སེར་ཚོའི་ལག་གི་རྔུལ་ཁྲག་གི་དངུལ་ལོ་ལེན་ཐབས་ཀྱི་རྒྱབ་ལྗོངས་མི་གཙང་བ། ཀུན་སློང་མི་ཡག་པ། རང་གི་ཁེ་ཕན་ཁོ་ན་བསམ་པའི་གཡོ་སྒྱུའི་བྱ་འགུལ་མང་པོ་སྤེལ་དང་སྤེལ་བཞིན་པའི་སྣང་བརྙན་དེ་དག་གིས་ད་ལྟར་བྱ་འགུལ་ཞེས་པ་དང་འགྲན་བསྡུར་ཞེས་གླེང་དུས་ན། དྲྭ་ཇག་གིས་སྤེལ་བའི་མདོ་མེད་ལུགས་མེད་ཀྱི་སྣང་བརྙན་དེ་དག་ཡིད་ལ་ཝ་ལེར་དྲན་འོང་བ་ཞིག་རེད་འདུག དེ་ནི་བདག་གི་སེམས་ངོར་བཞག་པའི་བྱ་འགུལ་ཞེས་པ་དང་། འགྲན་བསྡུར་ཞེས་པའི་ཐ་སྙད་འདི་ཟུང་རྣ་བར་ལྷུང་བའི་བག་ཆགས་ཤིག་ཡིན། དེ་ནི་ཤེས་ཡོན་མེད་པ། བསམ་བློ་མེད་པ། ལྷག་བསམ་མེད་པ། ཕུགས་བསམ་མེད་པ། མཐོང་རྒྱ་མེད་པ། ངོ་ཚ་མེད་པ། ཁྲེལ་གཞུང་མེད་པ། མི་གཤིས་མེད་པ་སྟེ། མི་ཡི་ཐ་མ་ཁྱི་ཡི་རྔ་མ།། ཞེས་པའི་དཔེ་ལྟར་གྱི་ཡ་མ་བརླ་ཡི་མི་གང་མང་ཞིག་དྲྭ་སྒང་ལ་བུད་དེ་འགྲན་བསྡུར་བྱེད་ནས་རྒྱལ་ཕམ་བྱེད་ཅིང་ཕམ་ཁའི་ཁྲིམས་ཆད་ལ་གཅེར་བུར་འབུད་པ། རང་གཅིན་འཐུང་བ། ལྷམ་ངོ་ལྡག་པ་སོགས་སྐྱུགས་བྲོ་བའི་སྣང་བརྙན། ཡབ་མེས་ཀྱི་ལྷ་ཆོས་རྡོག་བརྫུས་བྱས་པ། ཁྱིམ་རྒྱུད་ཀྱི་མི་ཆོས་གད་སྙིགས་སུ་དོར་ནས་སྐྱུགས་བྲོ་བ་དང་། ཆེས་འཇིགས་སུ་རུང་བའི་བྱ་འགུལ་དང་འགྲན་བསྡུར་གང་མང་སྤེལ་བས་ངའི་རྣ་ལམ་དུ་འང་བྱ་འགུལ་དང་འགྲན་བསྡུར་ཞེས་གླེང་དུས་ན་བག་ཆགས་ངན་པ་ཞིག་གི་བློས་བསླངས་བཞག་འདུག སྐབས་རེར་ཁོ་ཚོས་ཤེས་ཡོན་མེད་ཅིང་སྒོར་མོ་རིག་ན་སེམས་པ་ལྷོད་མི་ཐུབ་པའི་གཞས་པ་གཞས་མ་ཚོ་བཀོལ་སྤྱོད་བྱས་ནས་བྱ་འགུལ་སྤེལ། ལན་རེར་སྒོར་མོ་རིག་ན་ཧམ་སེམས་ཀྱི་མེ་ལྕེ་འབར་བའི་ཅོལ་ཆུང་གཞོན་ནུ་མ་ཚོ་གཡོ་འགུགས་བྱས་ནས་མཛངས་མ་འམ་སྒེག་མོ་ཞེས་པའི་ཆོ་ལོ་བསྩལ་ནས་འགྲན་བསྡུར་སྤེལ། ཐ་ན་མལ་སའི་ནང་གི་ནད་པ་ཚོའང་བཀོལ་སྤྱོད་བྱེད་ནས་སྒོར་མོ་བསྡུ་ཐབས་དང་མི་གྲངས་འཕར་ཐབས་སྣ་ཚོགས་བྱས། དེ་ནས་མི་བཀོལ་སྤྱོད་བྱས་ནས་དྲྭ་ལམ་ནས་སྨྱོ་རྟགས་གཟའ་རྟགས་བསྟན་ཚར་བ་ན། ད་ནི་ཡང་བསམ་བློ་བཏང་ནས་སྒོ་ཟོག་བཀོལ་སྤྱོད་བྱས་ནས་འབྲོག་དམངས་བསླུ་ཐབས་སྣ་ཚོགས་བྱས་ནས་བྱ་འགུལ་དང་འགྲན་བསྡུར་ཞེས་པའི་ཐ་སྙད་འདི་གཉིས་ནི་ན་ནིང་ད་ལོའི་བར་དུ་ལོ་ནས་ཟླ་དང་ཉིན་ནས་མཚན་ལ་མཐུད་ནས་དྲྭ་སྒང་ནས་སྒོར་མོ་ཁོ་ནའི་ཆེད་དུ་དངོས་གནས་སྨྱོས་པ་རེད། འོན་ཏེ་ཁོ་ཚོས་ནི་དམ་པའི་ལྷ་ཆོས་ཟེར་བའི་རྒྱུ་འབྲས་ལ་མི་བསམ། འཇིག་རྟེན་མི་ཆོས་ཞེས་པའི་སྤྱོད་བཟང་ཡང་མི་བསམ། ཁོ་ཚོས་འཇིག་རྟེན་མིའི་འགྲོ་ཚུལ་དང་ཚད་ལས་བརྒལ་བའི་གཡོ་སྒྱུ་གང་མང་གི་འཁྲབ་སྟོན་རབ་དང་རིམ་པ་བྱས་ནའང་ལན་རེར་འདེང་བརྒྱབ་ན་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཞེས་པའང་གོ་མེད་ཚོར་མེད་ངང་ངས་ནི་གང་དུ་ཡོད་པའང་ཤེས་མ་སོང་ངོ་།། དེ་བས་བྱ་འགུལ་ཞེས་པ་དང་འགྲན་བསྡུར་ཞེས་པའི་ཐ་སྙད་འདི་གཉིས་གོ་དུས་ན་ང་ནི་སུན་སྣང་དང་ཡིད་ཆད་ཀྱི་སྣང་བ་ཞིག་འཆར་འོང་ངོ་།།
འོན་ཀྱང་དེ་རིང་ངས་ནི་ངེས་པ་དོན་གྱི་འགྲན་བསྡུར་ཞིག་མཐོང་སོང་། དེ་ནི་སློབ་དཔོན་ཐོན་མིས་རྔུལ་ཁྲག་གིས་བསྐྲུན་པའི་མི་ལོ་སྟོང་ལྷག་གི་གསེར་གྱི་ཞབས་རྗེས་ཤིག་ཡིན། དེ་ནི་ཁྱོད་དང་ང་ཡི་ཚེ་སྲོག་གི་རྨུ་ཐག་དར་སྐུད་རིང་མོ་ཡིན། དེ་ནི་མེས་པོ་དམ་པ་ཚོའི་ངག་རྒྱུན་ལས་བརྡོལ་བའི་ལྷ་ཡི་སྒྲ་དབྱངས་ཡིན། དེ་ནི་གཞོན་རབས་རྣམས་ཀྱི་ཟུངས་ཁྲག་ལ་ཐིམ་པའི་རུས་རྐང་དཀར་བོ་སྟེ། དབྱངས་གསལ་སོ་བཞིའི་ཡིག་གཟུགས་ཀྱི་ཉིན་མོ་ཡིན།
ད་ལོར་ཁམས་པའི་བརྙན་འཕྲིན་ཁང་དང་བོད་ཀྱི་ཡིག་གཟུགས་དྲྭ་བ། པདྨ་ཚུལ་ཁྲིམས་གསེར་བྲིས་གླིང་སོགས་ཀྱིས་མཉམ་སྒྲུབ་བགྱིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་རིས་མེད། སེར་སྐྱ་རིས་མེད། རྒན་གཞོན་རིས་མེད་བཅས་ཀྱི་ཆོལ་ཁ་གསུམ་གྱི་བྲིས་པ་རྣམས་ཀྱིས་སོ་སོའི་སོར་མོའི་སྒྱུ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་འགྲན་བསྡུར་འདི་ནི་ངེས་པ་དོན་གྱི་གསེར་གྱི་འོད་ཟེར་འཕྲོ་བའི་ཤེས་རིག་གི་འགྲན་བསྡུར་ཆེན་མོ་ཞིག་དང་། དབྱངས་གསལ་སོ་བཞིའི་བླ་སྲོག་མཐོ་རུ་འདེགས་པའི་གསེར་གྱི་ཀ་བ་ཞིག་ཅི་ལ་མིན་ཨང་། ངས་ནི་སྐབས་འདིར་དཔེ་ཀློག་བྱེད་པའི་སྐབས་ཤིག་ཡིན་ལ། བར་སྐབས་སུ་དྲྭ་ལམ་ནས་ཁམས་པའི་བརྙན་འཕྲིན་ཁང་གིས་ཐད་གཏོང་བགྱིད་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འབྲེལ་བའི་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་འགྲན་བསྡུར་དེ་འཁྱུག་ཙམ་མཐོང་བས་དེ་མ་ཐག་ག་ལེར་སྔ་དྲོའི་དཔེ་ཀློག་གི་དུས་ཚོད་ཡོད་ཚད་འགྲན་བསྡུར་འདིར་བལྟས་ནས་དུས་ཚོད་ཅི་ཡིས་འགོར་བའང་མ་ཤེས། ཐེངས་འདིའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་མཁན་རྣམས་ལ་བྱ་དགའ་རབ་དང་རིམ་པ་ཞིག་གནང་སོང་། ལྷག་དོན་དུ་དམིགས་བསལ་གྱི་གཟེངས་རྟགས་འབུལ་ཡུལ་ནི། བོད་ཆོལ་ཁ་གསུམ་གྱི་ཡུལ་ན་ད་ལྟའི་བར་དུ་རང་རེའི་ཡིག་གཟུགས་བྲིས་རྒྱུན་འདི་དར་སྤེལ་ལ་བྱས་རྗེས་བླ་ལྷག་མཐོ་བའི་དབུས་དང་ཁམས་དང་ཨ་མདོ་ཡུལ་གྱི་ཡིག་མཁན་མི་སྣ་གསུམ་སྟེ། ཁོང་རྣམ་པ་གསུམ་ལ་བཀའ་དྲིན་གཏང་རག་གི་གཟེངས་རྟགས་རེ་ཕུལ་སོང་། དེ་ནི་དབུས་ཀྱི་བྲིས་པ་གྲགས་ཅན་ཅོག་གྲྭ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་སེངྒེ་དང་། རྗེ་དམུ་དགེ་བསམ་གཏན་ཚང་གི་དངོས་སློབ་བྲིས་པ་རས་ཆུང་བ་ཨ་ཁུ་ཤེས་རབ་རྒྱ་མཚོ། ཁམས་ཀྱི་བྲིས་པ་མི་ཕམ་རྣམ་རྒྱལ་བཅས་རེད།
ངས་ནི་གཟེངས་རྟགས་འབུལ་ཡུལ་གྱི་ཡུལ་དངོས་ཀྱི་སྟེགས་བུ་རུ་མཆན་ཁུང་གཡས་གཡོན་དུ་སྐྱོར་མ་བྱེད་ཅིང་ཕྱག་ཟུང་འཁར་བ་ལ་བརྟེན་ནས་ཕེབས་པའི་དགུང་ལོ་གྱ་དྲུག་དང་གྱ་བདུན་ལ་བསླེབས་པའི་ཅོག་གྲྭ་རིན་པོ་ཆེ་ཆོས་ཀྱི་སེངྒེ་དང་། རས་ཆུང་བ་ཨ་ཁུ་ཤེས་རབ་རྒྱ་མཚོ་རྣམ་པ་གཉིས་ཕྱག་འཁར་བ་ལ་བརྟེན་ནས་དལ་མོར་བྱེད་ནས་ཕེབས་པའི་ཁོང་རྣམ་པ་གཉིས་ཀའི་བཟོ་ལྟ་དེ་མཐོང་དུས་ན་ངའི་སེམས་པ་འདི་ཡང་ཧ་ཅང་སྙི་དྲགས་པས་ཡིན་ནམ། ཡང་ན་དབྱངས་གསལ་གྱི་ལང་ཚོའི་སྤོབས་པ་མཐོང་བས་ཡིན་ནམ། གང་ལྟར་ཡིད་སེམས་གཏིང་ནས་སྨྲེང་སྟེ་དབང་མེད་ངང་མིག་ཟུང་མཐའ་ཡང་ཆབ་ཀྱི་གོང་བུ་ཞིག་འཁྱིལ་ཡོང་། དེ་ནི་རང་གི་མེས་པོ་བཀའ་དྲིན་ཅན་འདི་དག་གི་བཀའ་དྲིན་དྲན་པས་ཡིན། གལ་ཏེ་ཁྱེད་ཅག་གིས་འཛིན་སྐྱོང་སྤེལ་གསུམ་གྱི་རླབས་ཆེ་བའི་བྱས་རྗེས་དེ་མེད་ན། དེ་རིང་ང་ཚོ་ལའང་དབྱངས་གསལ་སོ་བཞིའི་འཁྱུག་འགྲོས་ཀྱི་ལང་ཚོ་ངོམས་པའི་ཉིན་མོ་འདི་ག་ལ་ཡོད་ཨང་། ཁྱེད་ཅག་མེས་པོ་རུས་རྐང་ཅན་དག་གི་བརྩོན་འགྲུས་ཀྱི་བློ་སྟོབས་ཆེན་པོ་དེ་མེད་ན། ང་ཚོ་ནི་སྔ་ས་ནས་རྒྱ་མཚོའི་ནང་དུ་ཁ་བ་ལྷུང་བ་བཞིན་ཤུལ་རྗེས་ཙམ་ཡང་མེད་པར་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་སྲིད། དགུང་ལོ་གྱ་དྲུག་དང་གྱ་བདུན་ལ་སོན་པའི་ཁོང་རྣམ་པ་གཉིས་ཀར་དམིགས་བསལ་གཟེངས་རྟགས་བཞེས་ནས་ཡང་བསྐྱར་ཕྱག་འཁར་བར་བརྟེན་ནས་ག་ལེར་ཕྱིར་འདུག་སྟེགས་སུ་ཕེབས་བྱུང་། དུས་དེ་ཙ་ན་ཁོང་རྣམ་པ་གཉིས་ཀ་བཞུགས་སའི་འདུག་སྟེགས་ཕྲེང་བ་དེར་བཞུགས་ཀྱི་སྐུ་མགྲོན་ཚང་མ་ཡར་ལ་བཞེངས་སོང་། དེ་ཡང་མི་རྒན་འདི་གཉིས་ཀྱི་བཀའ་དྲིན་དྲན་ནས་སྐུ་མགྲོན་ཚང་མས་ཁོང་རྣམ་པ་གཉིས་ལ་བཀའ་དྲིན་མཚོན་བྱེད་ཀྱི་གུས་སྲོལ་བྱེད་པ་ཅི་ལ་མིན་ཨང་། འུ་ཚོའི་སྲོལ་བཟང་བོ་ཞིག་ལ་རྒན་བཀུར་ཆུང་བྱམས་ཞེས་རླུང་ལྟར་གྲགས་པའི་གུས་སྲོལ་བཟང་བོ་དེ་ཕྱོགས་འདི་ཙམ་ལས་ཀྱང་མཐོང་ཐུབ་བོ།།
དེ་ལྟར་ངས་ཀྱང་དགའ་སྐྱོ་ཟུང་གི་ཚོར་བ་དང་འདྲེས་པའི་ལྟད་མོ་མཐོང་བ་ན། ངའི་བླ་དང་སྲོག་གི་ཀ་བ། ངའི་ཚེ་དང་སྲོག་གི་ཟུངས་ཁྲག་སྟེ། དབྱངས་གསལ་སོ་བཞིའི་བསྟན་པ་འདི་ཉིད་གཞོན་རབས་པའི་ངག་གི་ཉེར་ལེན་དང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་འགལ་རྐྱེན་གང་ཡང་མེད་ཅིང་ཚེ་རབས་རབས་ནས་ཕྱོགས་ཀུན་ཏུ་རྒྱས་པའི་སྨོན་ལམ་ཞིག་དགའ་སྐྱོའི་སེམས་ཚོར་དང་མཉམ་དུ་འདྲེས་ཏེ་སེམས་ཀྱི་གཏིང་རིམ་ནས་བཅོས་མིན་ཟོལ་དུ་བཏབ་པའོ།།
༢༠༢༤.༤.༣༠ཉིན། ཁམས་པའི་བརྙན་འཕྲིན་ཁང་དུ་སྤེལ་བའི་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འབྲེལ་བའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་མཐོང་བས་དེ་འཕྲལ་དུ་བྲིས་པའོ།།
|