གཙོས་བོད་རིགས་སློབ་ཆུང་གིས2024ལོའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་གྱི་བྱ་འགུལ་སྤེལ།
ཟླ5ཚེས28ཉིན།གཙོས་བོད་རིགས་སློབ་ཆུང་གིས2024ལོའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་གྱི་བྱ་འགུལ་སློབ་རའི་བདེན་ཐུབ་གླིང་དུ་སྤེལ།
ཡུལ་དངོས་སུ། སློབ་གྲོགས་ཚོའི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་སངས་རྒྱས་བཀྲ་ཤིས་དང་གཙོས་བོད་རིགས་སློབ་ཆུང་གི་སློབ་གཙོ་གཙོ་བྱས་པའི་དགེ་སློབ་ཡོངས་ཀྱིས་ཁོ་ཚོར་རྟེན་འབྲེལ་གྱི་ཁ་བཏགས་འཐེན་ཅིང་། སོ་སོའི་བྲིས་རྩལ་དང་བརྩོན་འགྲུས་ལ་བསྟོད་བསྔགས་བྱས།
ཐེངས་འདིར་ཡིག་གཟུགས་འགྲེམས་སྟོན་བྱེད་མཁན་གྱི་མཐར་ཕྱིན་སློབ་མ་གསུམ་ཡོད་ཅིང་། འགྲེམས་སྟོན་བརྩམས་ཆོས་ལ་དྲུང་ཡིག་སྨོན་ལམ་མཆོག་གི་བྲིས་རྒྱུན་ལས་ཁྱུང་བྲིས་དབུ་ཅན་དང་དབུ་མེད། སུག་རིང་། སུག་ཐུང་། འབྲུ་ཚ། ཚུགས་ཆུང་། ཧོར་ཡིག་དང་རྒྱུག་བྲིས་སོགས་ཡིག་གཟུགས་མི་འདྲ་བ་དུ་མས་གྲུབ་པའི་བརྩམས་ཆོས་བཞི་བཅུར་ཉེ་བ་ཡོད།
ཡིག་གཟུགས་འགྲེམས་སྟོན་ལ་ལྟ་རུ་ཡོང་མཁན་གྱི་སློབ་གྲོགས་ཚོས་ཀྱང་ཡུལ་དངོས་སུ་སོ་སོའི་བྲིས་ཀྱི་ནུས་རྩལ་ངོམས།
གཙོས་བོད་རིགས་སློབ་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་འགན་འཁྲིའི་ཟེགས་མ་རེ་རེ་སློབ་གྲོགས་ཚོའི་སེམས་པའི་ཞིང་སར་གཏོར་ནས། སློབ་མའི་ཕྱོགས་ཡོངས་ཀྱི་འཇོན་ནུས་དང་དགའ་ཕྱོགས་གསོ་སྐྱོང་གི་བྱེད་སྒོ་གང་མང་ཞིག་སྤེལ་དང་སྤེལ་གྱིན་ཡོད་ལ་དེར་བསྟུན་གྱི་གྲུབ་འབྲས་ཀྱང་མང་པོ་ཐོབ།
ད་ཐེངས་ཀྱང་། བྱིས་པ་ཚོའི་རེ་སྒུག་ཁྲོད་ན་འོད་ཀྲིག་ཀྲིག་ཏུ་འཚེར་བའི་དྲུག་གཅིག་བྱིས་པའི་དུས་ཆེན་དུ་སློབ་གྲྭས་སློབ་མ་རྣམས་ལ་དུས་ཆེན་གྱི་བྱ་འགུལ་སྣ་མང་ཞིང་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད་ལ། དེ་ལས་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་གྱི་བྱ་འགུལ་འདི་དམིགས་སུ་བཀར་ནས་སྤེལ་ཏེ་སློབ་གྲོགས་ཚོར་མ་ཡུམ་སློབ་གྲྭའི་ལྷག་བསམ་དང་རེ་བ་མཚོན་པར་བྱས།
འགྲེམས་སྟོན་བྱེད་མཁན་གྱི་སློབ་གྲོགས་ཚོས་རང་རང་གི་ལོ་ངོ་དུ་མའི་དཀའ་སྡུག་གི་སྨྱུག་རྩེ་ནས་བཞད་པའི་བརྩམས་ཆོས་ཀྱི་མེ་ཏོག་རེ་རེ་མ་ཡུམ་སློབ་གྲྭ་དང་སློབ་གྲོགས་ཚོར་དུས་ཆེན་གྱི་ལེགས་སྐྱེས་སུ་ཕུལ་ཐུབ་པར་དགའ་སྤྲོ་ཚད་མེད་སྐྱེས་སོང་། རྗེས་མར་མུ་མཐུད་དུ་རང་རང་གི་བྲིས་ཀྱི་དགའ་ཕྱོགས་འདི་ལ་འབད་རྩིས་ཡོད་ཟེར། །
སློབ་བུ་ཚོའི་བྲིས་ཀྱི་རྩལ།
གསར་འགོད་པ། དྭངས་གསལ་ལྷ་མོ། པདྨ་སྐྱིད།(དངོས་སྦྱོང་།)
གསར་འགྱུར་ཡིག་ཆ་དང་བརྙན་རིས་མཁོ་འདོན།འཇམ་དཔལ་ཚེ་ལོ།
རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
ཞུ་དག་པ་འཇམ་དཔལ་ཚེ་ལོ།
|