ཐོན་མི་དགྱེས་འཛོམས་ཞེས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་དང་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་བགློ་གླེང་།
ཟླ་༥པའི་ཚེས་༢ཉིན།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག ཆུ་ཆེན་རྫོང་རྒྱལ་རོང་གཟུགས་མེད་རིག་གནས་ཤུལ་བཞག་ཞིབ་འཇུག་ལྟེ་གནས་ཁང་གིས་གཙོ་སྒྲུབ་མཛད་པའི་ཐོན་མི་དགྱེས་འཛོམས་ཞེས་པའི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་ཆུ་ཆེན་རྫོང་ཐུགས་ཆེན་གྲོང་རྡལ་དུ་ཡོད་པའི་རྒྱལ་རོང་གཟུགས་མེད་རིག་གནས་ཤུལ་བཞག་ཞིབ་འཇུག་ལྟེ་གནས་ཁང་དུ་བདེ་བླག་ངང་འཚོགས་པ་རེད།
ཚོགས་འདུའི་ཐོག་བོད་ལྗོངས་དང་། མཚོ་སྔོན།ཀན་སུའུ། སི་ཁྲོན་སོགས་ཡུལ་ཕྱོགས་མང་པོ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་དང་། ཡིག་མཁན། ཆུ་ཆེན་རྫོང་གི་འབྲེལ་ཡོད་འགོ་ཁྲིད་སོགས་མང་པོ་ཞིག་གདན་གཅིག་ཏུ་འཛོམས་ནས་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་ལ་བྱ་དགའ་སྟེར་བ་མ་ཟད། སྤྱིར་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བྱེ་བྲག་བོད་ཡིག་ཡིག་གཟུགས་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐོར་ནས་བགྲོ་གླེང་ནན་མོ་གནང་བར་མ་ཟད།ཡིག་མཁན་རྣམས་ཀྱིས་ཡུལ་དངོས་ནས་མང་ཚོགས་ཀྱི་དགོས་མཁོ་ལྟར་ཡིག་གཟུགས་སྣ་མང་བྲིས་ཏེ་ལེགས་སྐྱེས་སུ་ཕུལ་བ་རེད།
རྒྱལ་རོང་གཟུགས་མེད་རིག་གནས་ཤུལ་ཞིབ་འཇུག་ལྟེ་གནས་ཁང་ནི་ཤར་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་རྫོང་ཐུགས་ཆེན་གྲོང་རྡལ་དུ་ཡོད་ལ། ལྟེ་གནས་ཁང་དེས་རིག་གནས་སྲོག་ཤིང་ལ་འཛིན་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་གཙོ་བོར་བཟུང་ནས། རིག་གནས་གསར་གཏོད་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཆུ་ཆེན་རྫོང་གི་ཐང་ག་དང་འཚེམ་དྲུབ། བོད་ཡིག་ཡིག་གཟུགས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་སྣ་ཁ་༡༧༦འགྲེམ་སྟོན་དང་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད།
ཆུ་ཆེན་རྗོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྒྲོལ་མ་ལགས་ནས་ཤིས་ཚིག་འབུལ་བཞིན་པ།
ཐེངས་འདིར་རྒྱལ་རོང་གཟུགས་མེད་རིག་གནས་ཤུལ་བཞག་ཞིབ་འཇུག་ལྟེ་གནས་ཁང་གིས་བྱེད་སྒོ་འདི་འདྲ་གཙོ་སྒྲུབ་བྱས་པ་བརྒྱུད་དེ། མི་སྔར་ལས་མང་པོས་རྒྱལ་རོང་ཆུ་ཆེན་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་དང་ནང་སྒོས་སུ་བོད་ཡིག་ཡིག་གཟུགས་ལ་དོ་སྣང་དང་ཐུགས་ཁུར། རྒྱབ་སྐྱོར་སོགས་གནང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཞིང་། རིན་ཐང་ཆེ་བའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་ཆེན་པོ་ཐོགས་ཡོད།
གསར་འགོད་པ། མཚོ་མོ་སྐྱིད།
རྩོམ་སྒྲིག་པ།ལྷ་མོ་བཀྲ་ཤིས།
ཞུ་ཆེན། བྱམས་པ་རྡོ་རྗེ།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
|