ཨ་མདོ་སེང་ཁྲི་ཆོས་གྲྭ་ཆེན་མོའི་༼སཾ་བྷོ་ཊ་༽རྟགས་མའི་ཡིག་གཟུགས་འགྲན་སྡུར།
བདག་ཅག་གི་སྐྱབས་གནས་དམ་པ་སྐྱབས་རྗེ་བླ་མ་ཐུབ་བསྟན་བསྟན་འཛིན་སྙན་གྲགས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། གངས་ལྗོངས་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །གངས་ལྗོངས་ལུགས་གཉིས་མངའ་བདག་སྲོང་བཙན་རྗེ། །གངས་ལྗོངས་ཡི་གེའི་བྱེད་པོ་སཾ་བྷོ་ཊ། །གངས་ལྗོངས་མེས་པོའི་སྲོལ་བཟང་སྙིང་ལ་ཆོངས། །ཞེས་གསུངས་བ་བཞིན་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ནི་བོད་ཀྱི་ཡི་གེའི་བྱེད་པོ་ཡིན་པར་གནའ་དེང་མཁས་པ་ཀུན་ལ་རླུང་ལྟར་གྲགས་ཤིང་། མི་རིགས་ཤིག་དང་དེའི་རིག་གཞུང་གི་སྲོག་རྩ་ནི་མི་རིགས་གང་དེའི་ཡི་གེས་འཛིན་ལ། ཡི་གེ་མེད་པར་རིག་གཞུང་གི་འདབ་ལག་རྒྱས་པའི་ལོ་རྒྱུས་ཤིག་བསྐྲུན་ཐབས་བྲལ་བས། ཕྱི་རབས་བུ་ཡིས་གཏན་དུ་བརྗེད་མི་རུང་བ་ནི་མི་རིགས་གང་དེའི་ཡི་གེའི་བྱེད་པོ་ཡིན་ཞིང་ངེས་པར་དུ་རྒྱུད་ལ་འབྱོར་དགོས་པའི་ཡོན་ཏན་ནི་ཡི་གེའི་འབྲི་ཀློག་ཡིན་པས། སྐྱབས་རྗེ་བསྟན་འཛིན་སྙན་གྲགས་རིན་པོ་ཆེ་མཆོག་གི་ཐུགས་བཞེད་བཞིན་ཆོས་གྲྭ་འདིར་གཞུང་ཆེན་བཀའ་པོད་ལྔ་དང་ཐུན་མོང་རིག་གནས་ཆ་ལག་བཅས་པའི་འཛིན་གྲྭ་སྔར་ཡོད་ཀྱི་སྟེང་ལ། ཡིག་གཟུགས་སྒྱུ་རྩལ་གྱི་སྡིངས་ཀ་གསར་བ་ཞིག་གསར་བསྣན་བྱས་ཏེ་ཉེ་བའི་ལོ་འགའི་རིང་ཡར་རྒྱས་མི་དམན་པ་བྱུང་ཞིང་། འདིར་ཡང་སྐྱབས་རྗེ་དམ་པ་གང་གི་ཐུགས་བཀོད་ལྟར་སྔོན་བྱོན་པཎ་གྲུབ་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་ཕྱིར་དང་མི་རིགས་སློབ་གསོ་གོང་འཕེལ་ཡོང་རྒྱུའི་ལྷག་བསམ་དཀར་པོ་ཞིག་གིས་གསང་ཆེན་སྔ་འགྱུར་སེང་ཁྲི་ཆོས་གྲྭའི་སཾ་བྷོ་ཊ་རྟགས་མ་ཞེས་པ་འདི་བཟོས་པ་ཡིན་ཞིང་། རྟགས་མ་འདིའི་གྲུབ་སྟངས་ནི་མུ་ཁྱུད་སྔོན་པོས་ཡོངས་སུ་བསྐོར་བས་ཟླུམ་གཟུགས་ས་ཡི་གོ་ལ་འདི་ཉིད་མཚོན་ལ། གཡས་གཡོན་དུ་གངས་རི་དཀར་པོ་ཡོད་པས་བསིལ་ལྡན་ཁ་བ་གངས་ཅན་གྱི་ལྗོངས་འདི་མཚོན་ཞིང་དེ་ཡང་གངས་རི་བཞིར་གྲངས་ངེས་པ་ནི་སྐད་དང་ཡི་གེའི་བླ་སྲོག་ནམ་ཡང་ཉམས་པ་མེད་པར་འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་གྱི་མཚོན་དོན་དུ་གྲུབ། དབུས་སུ་ཡིག་མཁན་གྱི་གཅེས་ནོར་གསུམ་ལྷང་ངེར་གནམ་འདེགས་ཀ་བ་ལྟ་བུར་ཡོད་པས་ནི། འཇམ་མགོན་བླ་མ་མི་ཕམ་པས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། ། ཞེས་གསུངས་བ་ལྟར། ཡི་གེའི་འབྲི་ཀློག་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་གོ་བ་ར་སྤྲོད་བྱས་ཡོད་དོ། །
གངས་ལྗོངས་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །
གངས་ལྗོངས་ལུགས་གཉིས་མངའ་བདག་སྲོང་བཙན་རྗེ། །
གངས་ལྗོངས་ཡི་གེའི་བྱེད་པོ་སཾ་བྷོ་ཊ། །
གངས་ལྗོངས་མེས་པོའི་སྲོལ་བཟང་སྙིང་ལ་ཆོངས། །
ཡབ་རྗེ་མཆོག་སྤྲུལ་རིན་པོ་ཆེས།
རང་དགོན་གྱི་དགོན་གཙོ་མཁན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གསུང་མོལ་དང་མཉམ་དུ་ད་ལོའི་ཨ་མདོ་སེང་ཁྲི་ཆོས་གྲྭ་ཆེན་མོའི་༼སཾ་བྷོ་ཊ་༽ རྟགས་མའི་ཡིག་གཟུགས་འགྲན་སྡུར་གྱི་དབུ་འབྱེད་ལེགས་པར་མཛད་ཅིང་། གདན་ཞུའི་མཁན་པོ་ཕྱོགས་ལས་རྣམ་རྒྱལ་དང་མཁན་བློ་གྲོས་རྒྱ་མཚོ་གཉིས་གཙོས་རང་དགོན་གྱི་སློབ་སྟོན་ལས་འགན་པ་རྣམས་མཉམ་ཞུགས་མཛད།
འགྲན་སྡུར་ཡུལ་དངོས།
རང་དགོན་གྱི་ཡིག་གཟུགས་དགེ་རྒན་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་རེའི་ཡིག་གཟུགས་ཀྱི་བྱུང་བ་ནས་གལ་ཆེན་རང་བཞིན་སོགས་གསུངས་ཤིང་། དེར་འདུས་ཡོངས་ནས་བྲིས་པ་ཚོའི་ཡིག་བྲིས་སྒྱུ་རྩལ་དང་། བརྩམས་ཆོས། ཡིག་ཆས་སོགས་ལ་མཉམ་དུ་གཟིགས་ཞིབ་གནང་།
དཔྱད་འདེམས་པ་རྣམས་ཀྱིས་རིགས་དཔྱོད་རྣོན་པོས་སྐར་འབྲས་གནང་རྗེས་ཨང་རིམ་བཞིན་གཟེངས་བསྟོད་ཀྱི་ལས་རིམ་བསྐྱངས།
སློབ་བློ་གྲོས་ཕུན་ཚོགས་ལགས་ཀྱིས་ ༢༠༢༤ ལོའི་ཨ་མདོ་སེང་ཁྲི་ཆོས་གྲྭ་ཆེན་མོའི་༼སཾ་བྷོ་ཊ་༽རྟགས་མའི་ཡིག་གཟུགས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་དུ་སྙན་སྒྲོན་གྱི་བགྱི་བ་ལེགས་པར་བགྱིས་ཤིང་། ཐེངས་འདིར་ཨང་དང་པོ་གཉིས་དང་གཉིས་པ་གཉིས། གསུམ་པ་གསུམ། རྟིང་སྐུལ་བཞི་བཅས་ལ་གཟེངས་བསྟོད་ཀྱིས་བརྒྱན་ཏེ་མཇུག་ལེགས་པར་གྲུབ།
|