ཤག་ཆུ་གྲོང་རྡལ་གྲོང་ཚོས་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་བརྗོད་དོན་བྱས་པའི་རྫོང་ཡོངས་ཀྱི་བོད་རྒྱ་ཡིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་ཆེད།2024 ལོའི་སྤྱི་ཟླ་2 ཚེས 4 ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག ཤག་ཆུ་གྲོང་རྡལ་གྲོང་ཚོ་དྲུག་པས་གཙོ་གཉེར་གནང་བའི་རྒྱུན་ལྡན་རང་བཞིན་ཅན་གྱི་ལོ་གསར་དུས་སྟོན་སྐབས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཐུན་མོང་གཞི་གཅིག་གི་འདུ་ཤེས་ཇེ་བརྟན་ཏུ་གཏོང་བའི་"མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་འཆམ་"ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རྫོང་ཡོངས་ཀྱི་བོད་རྒྱ་ཡིག་ཡིག་རྩལ་འགྲན་བསྡུར་གཟབ་རྒྱས་སུ་སྤེལ།
མཛད་སྒོའི་ཐོག་ཧྲུའུ་ཅི་ཟླ་བ་རྡོ་རྗེ་དང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་གཅུང་བསླབ་གསུམ་ལགས་རྣམ་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡིག་གཟུགས་སྐོར་གྱི་གསུངས་བཤད་གནང་བཞིན་པ།
བྱེད་སྒོའི་སྟ་གོན་གྱི་དུས་སུ་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་།ཆེད་ལས་ལས་སྒྲུབ་པ།གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱིས་ཟླ་1ཚེས་18ཉིན་ནས་བཟུང་ཐོག་མཐའ་བར་གསུམ་དུ་སྟ་གོན་བྱ་བ་མ་ལུས་ཞིབ་ཚགས་ལྡན་པར་གནང་པ་དང་།ཟླ་2ཚེས་1ཉིན་ནས་བཟུང་བརྩམས་ཆོས་འཚོལ་བསྡུ་བྱས།
འགྲན་བསྡུར་གྱི་ཉིན་མོར། འགྲན་ཞུགས་ཡིག་མཁན་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་གཏན་འབེབས་ཀྱི་དུས་ཚོད་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་རླབས་ཆེན་མེས་རྒྱལ་ཨ་མའི་བསྟོད་བསྔགས་དང་། ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟམ་མོ་ཡིག་གཟུགས་ཀྱི་སྒྱུ་རྩལ་བསྟིམས་པ་མ་ཟད། སྤུས་ལེགས་བྲིས་རྩལ་དང་འབྲེལ་བའི་སྨྱུག་རིམ་རེ་རེ། དམ་ལྷོ་ཟུང་ལྡན་གྱི་ཉམས་འགྱུར་རེ་རེ། ཤ་རུས་ཁྲག་གསུམ་དང་དག་སྙོམ་མཛེས་གསུམ་གྱི་ཁྱད་ཆོས་ལྡན་པའི་གསོན་ཤུགས་རེ་རེས་ཁོང་རྣམ་པའི་ཡིག་གཟུགས་སློབ་སྦྱོང་ལ་བཏང་པའི་དཀའ་སྤྱད་འབད་བརྩོན་གྱི་རྣམ་འགྱུར་མཚོན་ཡོད་ལ། སྒྱུ་རྩལ་གྱི་ཁྱད་ཆོས་ཅི་རིགས་སུ་སྣང་པའི་བརྩམས་ཆོས་ཁྲོད་འགྲན་ཞུགས་ཡིག་མཁན་རྣམ་པའི་བྲིས་རྩལ་གྱི་ཉིང་བཅུད་འདུས་ཡོད། དེ་དག་ནི་ཁོ་ཚོས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་ཡིད་ཆེས་དང་། འོངས་འཚོ་བར་བཅངས་པའི་རེ་བ། དེང་ཕྱིན་གྱི་ལས་དོན་དང་སློབ་སྦྱོང་ལ་བཅངས་བའི་སྤྲོ་སེམས་སོགས་མངོན་པར་མཚོན་ཡོད།
འགྲན་བསྡུར་ཁྲོད་འབྲི་རུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོ་ནས་ཕེབས་པའི་བྱིས་གསོ་ཁང་གི་སློབ་མ་དང་།སློབ་ཆུང་སློབ་མ། དམའ་འབྲིང་སློབ་མ།མཐོ་འབྲིང་སློབ་མ། སློབ་ཆེན་སློབ་མ། གཞན་ཡང་ལས་བྱེད་པ་དང་ཁྱིམ་བདག་ཕོ་མོ་རྒན་དར་གཞོན་གསུམ། རྒྱ་བོད་ཧུད་རིགས་སོགས་སྡོམ་པས་མི་གྲངས་1396 ལྷག་འགྲན་བསྡུར་ལ་ཞུགས་པ་དང་། དེའི་ཁྲོད་ནས་མི་180 ལ་གཟེངས་བསྟོད་བྱ་དགའ་སྤྲད།
འགྲན་བསྡུར་མཇུག་རྫོགས་རྗེས། དཔྱད་བསྡུར་ཨུ་ལྷན་གྱིས་དྲང་བདེན་གཟུར་གནས་ཀྱི་རྩ་དོན་གཞིར་བཟུང་གི་སྒོ་ནས་དཔྱད་འདེམས་བྱས་ཤིང་། མཐར་བུ་བཅོལ་ཁང་གི་ཚོ་ཆུང་ལ་མི་15དང་། སློབ་ཆུང་སྐོར་ནས་(སློབ་ཆུང་ལོ་རིམ་དང་པོ།ལོ་རིམ་གཉིས་པ། ལོ་རིམ་བཞི་པ། ལོ་རིམ་ལྔ་པ། ལོ་རིམ་དྲུག་པ་བཅས་སོ་སོར་མི་15རེ་འདེམས་ཐོན་བྱུང་།དམའ་རིམ་སློབ་འབྲིང་གི་ཚོ་ཆུང་ལ་ཁྱོན་བསྡོམས་མི་15དང་།མཐོ་རིམ་སློབ་འབྲིང་གི་ཚོ་ཆུང་ལ་མི་15བཅས་བདམས་ཐོན་བྱུང་། མང་ཚོགས་ཚོགས་ཆུང་ལ་ཁྱོན་བསྡོམས་མི་15བཅས་ཁྱོན་བསྡོམས་མི་165ལ་ཨང་རིམ་བྱ་དགའ་དང་།གཞན་འགྲན་ཞུགས་པ་ཁ་ཤས་ལ་ཕུལ་བྱུང་སོགས་རྟིང་སྐུལ་བྱ་དགའ་འང་སྤྲད་དེ་འགྲན་ཞུགས་མི་སྣ་ཡོངས་ལ་ཡིག་གཟུགས་ཀྱི་དགའ་མོས་དང་སྤྲོ་བ་བསྐྱེད་པར་བྱས།
འགྲན་བསྡུར་བརྩམས་ཆོས་གཟིགས་ན་འདི་མནོན།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགྱུར། གཅུང་བསླབ་གསུམ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་གཏགས། མགོན་པོ་དོན་གྲུབ།
ཞུ་དག། དཔལ་མགོན་ཚེ་རིང་།
|