《 ཤིས་ཚིག་དང་སྨོན་འདུན། 》
ཁུལ་སྲིད་གཞུང་གི་རིག་གནས་བློ་འདྲི་ས་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་ལགས་ཀྱིས་ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ལ་ཕུལ་བ།
དེ་ཡང་དེང་གི་དུས་འདིར། མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་ཤེས་རིག་གི་ཀློང་བརྡོལ་ཞིང་འགྲན་རྩོད་ཀྱི་མེ་འབར་བའི་དགེ་མཚན་གྱི་རྣམ་པས་ཁེངས་པའི་རྫོགས་ལྡན་གསར་བའི་དུས་དང་།ཚན་རིག་ལག་རྩལ་གློག་ལྟར་མགྱོགས་ཤིང་།སྤྱི་ཚོགས་ཀྱི་འགྱུར་ལྡོག་སྤྲིན་ལྟར་འཁྲིགས་པའི་དུས་འདིར། ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་ཟུང་གི་རྩལ་ལ་ནང་བྱན་ཆུད་པའི་དཔྱོད་ལྡན་་གྱི་མཁས་པ་ཨ་ཁུ་ཆོས་འཁོར་བསྟན་འཛིན་ལགས་ཀྱི་《སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ》སྤེལ་ནས་མཁའ་མཉམ་འགྲོ་བའི་ཡིད་ཀྱི་གསོས་སྨན་དང་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་སྤེལ་བར། ངས་འདི་ནས་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་ཤེས་རབ་མངའ་བའི་ཨ་ཁུ་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ལོ་ཡི་བགྲང་བྱ་མང་པོའི་རིང་ལ་ཁོང་གིས་སེམས་ཤུགས་ཡོད་རྒུ་གནས་གཅིག་ལ་གཞོལ་བའི་གྲུབ་འབྲས་ཏེ། ཡིག་གཟུགས་དང་ལྷ་བྲིས། བརྐོས་རིས་བཟོ་རྩལ་གྱི་བརྩམས་ཆོས་འབོར་ཆེན་ཞིག་སྐྱེ་འགྲོ་ཀུན་གྱི་སྤྱན་ལམ་དུ་བསྟར་ནས། རང་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བསམ་པའི་དཔལ་ཡོན་གྱི་དགེ་མཚན་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་པར་བརྟེན། ཡིག་གཟུགས་གསར་སློབ་ཀྱི་དོན་གཉེར་ཅན་དག་གི་རྒྱུད་ལ་བསུབ་ཏུ་མེད་པའི་ལེགས་རྗེས་ཆེན་པོ་ཞིག་བཞག་དང་འཇོག་བཞིན་ཡོད་པར་སུས་ཀྱང་བསྙོན་དུ་མེད། དེའི་མཚོན་རྟགས་གཙོ་བོ་ནི་《གཙུག་ལག་ཁང་སོགས་ལ་བརྐོས་རིས་བཟོ་ཚུལ་གྱི་མ་ཕྱི་བློ་ལྡན་མིག་གི་དགའ་སྟོན་》དང《ཝརྟུའི་ཕྱི་མོ་བློ་གསལ་བྱིས་པའི་འཇུག་ངོགས》《ཡིག་གཟུགས་གཅེས་བཏུས》ཞེས་པ་སོགས་མི་རིགས་རང་གི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་ཕན་ནུས། སྒྱུ་རྩལ་གྱི་རིན་ཐང་བཅས་ལྡན་པའི་བརྩམས་ཆོས་ཅི་རིགས་སྐྱེས་སུ་ཕུལ་ཏེ། གཟུགས་པ་པོ་བློ་མཆོག་དམན་ཀུན་གྱི་ཡིད་ལ་བག་ཆགས་བཟློག་ཏུ་མེད་པ་ཞིག་བཞག་ཡོད་པའི་ཕྱིར་རོ།། ད་ལོར་རང་སྐྱོང་ཁུལ་བཙུགས་ནས་ལོ་ཡི་བགྲང་བྱ་བདུན་བཅུ་འཁོར་བའི་བཀྲ་ཤིས་ལེགས་ཚོགས་ཀྱི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་འདིར་བསྟུན་ཏེ། སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་སྤེལ་བར་ང་ཚོས་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ། ཁོང་གི་བླ་ན་མེད་པའི་ཀུན་སློང་དང་ངལ་བ་དོན་དང་ལྡན་པའི་ལས་དོན་འདི་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་བ་ལགས།
དེང་གི་དུས་འདི་ནི་བོད་ཀྱི་ཡིག་གཟུགས་ཀྱི་འཕྲིན་ལས་ཧ་ཅང་རྒྱས་པའི་དུས་ཤིག་ཡིན་པས། ལོ་འདི་ཤས་ཀྱི་རིང་ལ་བོད་ཀྱི་ཡིག་གཟུགས་འདི་རང་ཁུལ་གྱི་རིག་གནས་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་ཆོག་སྙམ། རྒྱུ་མཚན་ནི་སྔོན་བྱོན་ཡིག་མཁན་མཁས་པའི་ཕྱག་རྒྱུན་གྱི་རི་མོའི་བཀྲག་མདངས་མ་ཉམས་པ་དེ་རིམ་པར་བརྒྱུད་ནས་བྱུང་བའི་ཁུངས་དང་ལྡན་པའི་བོད་ཀྱི་ཡིག་གཟུགས་དེ་ཉིད་ཕྱི་རབས་པ་ཡོངས་ཀྱི་བསོད་ནམས་ཀྱི་རྟེན་སྐལ་དུ་བསྐྲུན་ཏེ། བོད་ཀྱི་ཡིག་གཟུགས་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཆ་ནས་ཚད་ལྡན་ངང་རྒྱུད་འཛིན་དང་དར་སྤེལ་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་མ་ཟད། རང་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ལས་རིགས་མི་གཅིག་པའི་ཡིག་མཁན་ཚོས་ཡིག་གཟུགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་བཏོན་ནས། མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་ཕྱག་རྒྱུན་རྒྱུད་འཛིན་དར་སྤེལ་གྱི་ཐད་ལ་བྱས་རྗེས་བླ་མེད་བཞག་ཡོད། དེའི་ཁྲོད་ཀྱི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་དཔྱོད་ལྡན་ཨ་ཁུ་ཆོས་འཁོར་བསྟན་འཛིན་ལགས་ནི་དེ་དག་གི་ཁྲོད་དུ་བརྩམས་ཆོས་དང་བྱ་དགའ་སོགས་གང་ཅིའི་ཐད་ནས་གྲུབ་འབྲས་འབུར་དུ་ཐོན་པའི་མིག་དཔེར་འོས་པའི་མི་སྣ་ཞིག་ཡིན་པ་བཤད་མ་དགོས་།
ཁོང་གི་བརྩམས་ཆོས་ལ་ད་སྔ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་ཡིག་གཟུགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་མང་པོ་ཐོབ་ལ། བརྩམས་ཆོས་མི་ཉུང་བ་ཞིག་རྒྱལ་ཁབ་དང་ཞིང་ཆེན་དཔེ་མཛོད་ཁང་སོགས་ལས་ཁུངས་དང་སློབ་གྲྭ་ཆེན་མོ། སྤྱི་ཚོགས་ལས་རིགས་སོ་སོས་ཉར་ཚགས་བྱས་ཡོད། ནང་སྒོས་སུ་ཁོང་གིས་ལོ་ཡི་བགྲང་བྱ་མང་པོའི་རིང་ལ་ལུས་ཀྱི་ངལ་བ་དང་ཚེགས་ལ་མ་འཛེམ་པར་ཉིན་ཞག་གི་ཕྲེང་བ་རེ་རེར་དང་ལོ་ཟླ་ཡི་འཁོར་མོ་རེ་རེར་སེམས་ཤུགས་ཡོད་ཚད་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་སྟེང་དུ་བཏོན་ཏེ། གཟུགས་པ་པོའི་མིག་ལ་མཛེས་པའི་དཔལ་སྟེར་བ་སོགས་ཀྱི་བརྩམས་ཆོས་སྐྱེས་སུ་ཕུལ་བ་གཞིར་བྱས་ཐོག་བོད་རང་གི་ཕྱི་རབས་པ་དག་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་འཕེལ་རིམ་གྱི་ལོ་རྒྱུས་ལ་རྨོངས་པའི་དཀའ་བ་ངང་གིས་སེལ་ཞིང་། ཡིག་གཟུགས་དང་ལྷ་བྲིས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་འགྱུར་བའི་སྒོ་མོ་ཆེས་ཆེར་ཕྱེ་བར་མཛད་རྗེས་འགྲན་མེད་བཞག་ཡོད་པར་ང་ཚོས་མཆུ་སྒྲོས་ཀྱི་འདབ་མ་ལྷུག་པར་གྲོལ་ཏེ་བསྟོད་པའི་མཐེ་བོང་མཁའ་རུ་སྒྲེང་ནས་བསྔགས་པའི་རོལ་མོ་ཆེས་ཆེར་འཁྲོལ་ན་འོས་སོ་སྙམ།
དེ་བཞིན་དུ་ཨ་ཁུ་ཁོང་གིས་མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་གཟུགས་འབྲི་ལུགས་ཀྱི་ཞིང་ས་གཤིན་པོ་འདི་ལ་རྐང་ཚུགས་ཏེ། སྔར་ལས་བརྩོན་པ་བརྒྱ་ཕྲག་བརྩེགས་ནས་བོད་ཀྱི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་རྒྱུན་སྐྱོང་བའི་ཕྱི་རབས་པ་གང་མང་སྐྱེད་སྲིང་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་བའི་ཡིག་གཟུགས་དང་ལྷ་བྲིས་ཀྱི་དཔུང་སྡེ་རྒྱ་ཆེར་བསྐྱེད་པའི་ཕྱིར། སྔར་ལས་ལྷག་པར་རྒྱ་ཆེ་བའི་གཟིགས་མཁན་རྣམས་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་མཁོ་འདོན་བྱ་རྒྱུ་ནི་ཆེས་བླ་ན་མེད་པའི་གཟི་བརྗིད་དང་འགན་འཁྲི་ཡིན་ལ། ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་བ་ཚོས་ཀྱང་རང་རང་གི་རྣམ་དཔྱོད་དང་ཡོན་ཏན། བློ་རྒྱ་བཅས་ལ་བརྟེན་ནས་བོད་མི་རིགས་སྤྱི་དང་། སྒོས་སུ་མི་རིགས་གཞན་པས་ལྟ་འདོད་པ་དང་རེ་འདུན་སྐོང་ཐུབ་པའི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་སྐྱེས་སུ་འབུལ་བར་འབད་འབུངས་བྱེད་དགོས་པའི་ཐོག དུས་རབས་དང་མི་རིགས་ལ་ངོ་གནོང་མི་དགོས་པའི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་ཐོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
མཐར་ཨ་ཁུ་ཆོས་འཁོར་བསྟན་འཛིན་ཁོང་ཉིད་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། འདོད་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།།
བཀྲ་ཤིས་བདེ་ལེགས།
དཀོན་མཆོག་སྒྲ་དབྱངས་རྒྱ་མཚོས།
|