设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམས་སྟོན་མཛད་སྒོ་ཀ

 二维码 4960
发表时间:2023-07-22 17:09作者:དཔལ་མགོན་ཚེ་རིང་།ཀླུ་འབུམ་བཀྲ་ཤིས།རྡོ་རྗེ་རིན་ཆེན།来源:ཀླུ་ཆུའི་ཀུན་འདུས་སྨྱན་སྦྱོར།

甘南建州70周年标志.jpg


ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམས་སྟོན་མཛད་སྒོ་ཀླུ་ཆུ་རྫོང་ནས་སྤེལ།


青禾旦增个人书法展 (10).jpg

ཚོགས་རའི་རྣམ་པ།

     ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་70ལོར་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཟླ་7པའི་ཚེས་22ཉིན།   བོད་ཀྱི་ལྷ་རིས་སྒྱུ་རྩལ་བའམ་རྟེན་བཞེངས་འཆར་འགོད་པ་དང་། ཡིག་མཁན་ཆེན་མོ་ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམས་སྟོན་གྱི་མཛད་སྒོ་ཀླུ་ཆུ་རྫོང་ཀླུ་སྟོད་གསོལ་མགྲོན་ཁང་ནས་གཟབ་རྒྱས་ངང་སྤེལ།


青禾旦增个人书法展 (3).jpg

ཀྲུའུ་ཞི་སྟེགས་བུར་བཞུགས་པའི་ཏང་སྲིད་སྡེ་ཁག་གི་མགོ་ཁྲིད་དང་བླ་མ་དགེ་བའི་བཤེས་གཉེན་རྣམ་པ།


青禾旦增个人书法展 (2).jpg

རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཚེ་རིང་རྡོ་རྗེ་མཛད་སྒོར་ཞུགས་པ་དང་།   འགྲེམ་སྟོན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།



青禾旦增个人书法展 (1).jpg

རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་པད་མ་སྐྱབས་མཛད་སྒོར་ཞུགས།


青禾旦增个人书法展 (4).jpg

ཆོས་འཁོར་བསྟན་འཛིན་རྒྱ་མཚོས་འགྲེམས་སྟོན་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།


青禾旦增个人书法展 (5).jpg

ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྒོམ་པ་བཀྲ་ཤིས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


青禾旦增个人书法展 (7).jpg

གཙོས་དགོན་པའི་རིག་གཞུང་ཆེད་མཁས་པ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


青禾旦增个人书法展 (8).jpg

ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྟ་མགྲིན་མགོན་པོས་གཏམ་བཤད་གནང་བཞིན་པ།


青禾旦增个人书法展 (9).jpg

ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་ཚེ་དཔག་རྣམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།


    རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་ཆེན་མོའི་ཡིག་གཟུགས་བརྩམས་ཆོས་འདི་དག་ནི་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་མི་ལོ་བརྒྱད་ལྷག་གི་དཀའ་སྤྱད་འབད་བརྩོན་བརྒྱུད་གསར་བཞེངས་བྱས་པ་ཡིན་ལ།   དེར་གཙོ་བོ་རླབས་ཆེན་གཙོ་འཛིན་ཞི་ཅིན་ཕིང་གི་གསུང་བཤད་གཅེས་བསྡུས་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་ངོ་བདུན་བཅུའི་རླབས་ཆེན་འཕོ་འགྱུར་དང་འཕེལ་རྒྱས་མཚོན་པའི་བསྟོད་ཚིག།དེ་མིན། བོད་ཀྱི་ལོ་རྒྱུས། དམ་པ་གོང་མ་རྣམས་ཀྱི་གསུང་རབ་དང་།   ལེགས་བཤད། བསླབ་བྱ་སོགས་ནང་དོན་ཕུན་སུམ་ཚོགས་ལ། ཡིག་གཟུགས་ཀྱི་ཆ་ནས་ཀྱང་།ལཉྫདང་ཝརྟུ། བོད་ཡིག་དབུ་ཅན་དང་དབུ་མེད་སོགས་སཾ་བོད་ཤན་སྦྱར་དུ་བཀོད་པའི་ཡིག་གཟུགས་སུམ་བཅུ་ལྷག་འདུས་ཡོད།   འགྲེམས་སྟོན་ཁྲོད་སྨི་300ལྷག་ལས་བརྒལ་བའི་གསུང་རབ་ཞལ་ཐང་རིང་མོའི་སྒྱུ་རྩལ་གྱི་རང་མདངས་དང་།   གསར་བཞེངས་ཀྱི་སྙིང་རུས་བརྟན་པོས་ཡུལ་དངོས་གཟིགས་མོ་བ་ཡོངས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་།བརྩོན་པའི་ཆོད་སེམས་བརྟན་པོར་བསྟོད་བསྔགས་ཡང་ཡང་ཕུལ་བ་མ་ཟད།   ལྷ་རིས་སྒྱུ་རྩལ་དང་ཡིག་གཟུགས་སྒྱུ་རྩལ་གཞི་གཅིག་ཏུ་བསྡུས་པའི་ཡིག་གཟུགས་གསེར་བྲིས།   དངུལ་བྲིས་སོགས་རྩེར་སོན་གྱི་འབྲི་རྩལ་དང་།   གསར་གཏོད་ཆ། སྒྱུ་རྩལ་གྱི་རང་མདངས་སོགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་ལ་ཁྱད་དུ་འཕགས་པའི་གཟི་དཔལ་གསར་བ་བསྩལ་འདུག



青禾旦增个人书法展 (6).jpg



青禾旦增个人书法展 (12).jpg


青禾旦增个人书法展 (15).jpg



青禾旦增个人书法展 (16).jpg



青禾旦增个人书法展 (19).jpg



青禾旦增个人书法展 (14).jpg



青禾旦增个人书法展 (20).jpg


青禾旦增个人书法展 (21).jpg


青禾旦增个人书法展 (17).jpg




青禾旦增个人书法展 (18).jpg




青禾旦增个人书法展 (25).jpg

ཐེངས་འདིའི་འགྲེམས་སྟོན་ལ། བོད་ལྗོངས་དང་མཚོ་སྔོན།   སི་ཁྲིན་སོགས་ཀྱི་ཡིག་མཁན་དང་། དེ་མིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་སོ་སོ་ནས་ཐོན་པའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ།   ཡིག་གཟུགས་པ། ཡིག་གཟུགས་དགའ་ཞེན་པ།   སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དང་སློབ་མ།   དགོན་སྡེའི་གྲྭ་བ།   དེ་མིན་ས་གནས་ལས་བྱེད་པ་དང་།རོང་འབྲོག་མང་ཚོགས་སོགས་མི་150ལྷག་འགྲེམས་སྟོན་མཛད་སྒོར་ཞུགས་པ་མ་ཟད།   ཉིན་ཧྲིལ་བོར་ཧ་ལམ་མི་600ལྷག་གིས་ཡུལ་དངོས་འགྲེམས་སྟོན་གྱི་གསོལ་སྟོན་ལ་མྱོང་རོལ་མཛད།



青禾旦增个人书法展 (22).jpg



青禾旦增个人书法展 (24).jpg



青禾旦增个人书法展 (23).jpg



青禾旦增个人书法展 (13).jpg


ཤིས་ཚིག་དང་སྨོན་འདུན།


ཁུལ་སྲིད་གཞུང་གི་རིག་གནས་བློ་འདྲི་ས་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་ལགས་ཀྱིས་ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ལ་ཕུལ་བ།


        དེ་ཡང་དེང་གི་དུས་འདིར།   མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་ཤེས་རིག་གི་ཀློང་བརྡོལ་ཞིང་འགྲན་རྩོད་ཀྱི་མེ་འབར་བའི་དགེ་མཚན་གྱི་རྣམ་པས་ཁེངས་པའི་རྫོགས་ལྡན་གསར་བའི་དུས་དང་།ཚན་རིག་ལག་རྩལ་གློག་ལྟར་མགྱོགས་ཤིང་།   སྤྱི་ཚོགས་ཀྱི་འགྱུར་ལྡོག་སྤྲིན་ལྟར་འཁྲིགས་པའི་དུས་འདིར།   ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་ཟུང་གི་རྩལ་ལ་ནང་བྱན་ཆུད་པའི་དཔྱོད་ལྡན་་གྱི་མཁས་པ་ཨ་ཁུ་ཆོས་འཁོར་བསྟན་འཛིན་ལགས་ཀྱི་སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོསྤེལ་ནས་མཁའ་མཉམ་འགྲོ་བའི་ཡིད་ཀྱི་གསོས་སྨན་དང་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་སྤེལ་བར།   ངས་འདི་ནས་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་ཤེས་རབ་མངའ་བའི་ཨ་ཁུ་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག       ལོ་ཡི་བགྲང་བྱ་མང་པོའི་རིང་ལ་ཁོང་གིས་སེམས་ཤུགས་ཡོད་རྒུ་གནས་གཅིག་ལ་གཞོལ་བའི་གྲུབ་འབྲས་ཏེ།   ཡིག་གཟུགས་དང་ལྷ་བྲིས། བརྐོས་རིས་བཟོ་རྩལ་གྱི་བརྩམས་ཆོས་འབོར་ཆེན་ཞིག་སྐྱེ་འགྲོ་ཀུན་གྱི་སྤྱན་ལམ་དུ་བསྟར་ནས།   རང་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བསམ་པའི་དཔལ་ཡོན་གྱི་དགེ་མཚན་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་པར་བརྟེན།   ཡིག་གཟུགས་གསར་སློབ་ཀྱི་དོན་གཉེར་ཅན་དག་གི་རྒྱུད་ལ་བསུབ་ཏུ་མེད་པའི་ལེགས་རྗེས་ཆེན་པོ་ཞིག་བཞག་དང་འཇོག་བཞིན་ཡོད་པར་སུས་ཀྱང་བསྙོན་དུ་མེད། དེའི་མཚོན་རྟགས་གཙོ་བོ་ནི་གཙུག་ལག་ཁང་སོགས་ལ་བརྐོས་རིས་བཟོ་ཚུལ་གྱི་མ་ཕྱི་བློ་ལྡན་མིག་གི་དགའ་སྟོན་དང《ཝརྟུའི་ཕྱི་མོ་བློ་གསལ་བྱིས་པའི་འཇུག་ངོགས》《ཡིག་གཟུགས་གཅེས་བཏུསཞེས་པ་སོགས་མི་རིགས་རང་གི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་ཕན་ནུས།   སྒྱུ་རྩལ་གྱི་རིན་ཐང་བཅས་ལྡན་པའི་བརྩམས་ཆོས་ཅི་རིགས་སྐྱེས་སུ་ཕུལ་ཏེ།   གཟུགས་པ་པོ་བློ་མཆོག་དམན་ཀུན་གྱི་ཡིད་ལ་བག་ཆགས་བཟློག་ཏུ་མེད་པ་ཞིག་བཞག་ཡོད་པའི་ཕྱིར་རོ།།        ད་ལོར་རང་སྐྱོང་ཁུལ་བཙུགས་ནས་ལོ་ཡི་བགྲང་བྱ་བདུན་བཅུ་འཁོར་བའི་བཀྲ་ཤིས་ལེགས་ཚོགས་ཀྱི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་འདིར་བསྟུན་ཏེ།   སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་སྤེལ་བར་ང་ཚོས་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ། ཁོང་གི་བླ་ན་མེད་པའི་ཀུན་སློང་དང་ངལ་བ་དོན་དང་ལྡན་པའི་ལས་དོན་འདི་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་བ་ལགས།

དེང་གི་དུས་འདི་ནི་བོད་ཀྱི་ཡིག་གཟུགས་ཀྱི་འཕྲིན་ལས་ཧ་ཅང་རྒྱས་པའི་དུས་ཤིག་ཡིན་པས།   ལོ་འདི་ཤས་ཀྱི་རིང་ལ་བོད་ཀྱི་ཡིག་གཟུགས་འདི་རང་ཁུལ་གྱི་རིག་གནས་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་ཆོག་སྙམ།   རྒྱུ་མཚན་ནི་སྔོན་བྱོན་ཡིག་མཁན་མཁས་པའི་ཕྱག་རྒྱུན་གྱི་རི་མོའི་བཀྲག་མདངས་མ་ཉམས་པ་དེ་རིམ་པར་བརྒྱུད་ནས་བྱུང་བའི་ཁུངས་དང་ལྡན་པའི་བོད་ཀྱི་ཡིག་གཟུགས་དེ་ཉིད་ཕྱི་རབས་པ་ཡོངས་ཀྱི་བསོད་ནམས་ཀྱི་རྟེན་སྐལ་དུ་བསྐྲུན་ཏེ། བོད་ཀྱི་ཡིག་གཟུགས་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཆ་ནས་ཚད་ལྡན་ངང་རྒྱུད་འཛིན་དང་དར་སྤེལ་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་མ་ཟད། རང་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ལས་རིགས་མི་གཅིག་པའི་ཡིག་མཁན་ཚོས་ཡིག་གཟུགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་བཏོན་ནས། མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་ཕྱག་རྒྱུན་རྒྱུད་འཛིན་དར་སྤེལ་གྱི་ཐད་ལ་བྱས་རྗེས་བླ་མེད་བཞག་ཡོད། དེའི་ཁྲོད་ཀྱི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་དཔྱོད་ལྡན་ཨ་ཁུ་ཆོས་འཁོར་བསྟན་འཛིན་ལགས་ནི་དེ་དག་གི་ཁྲོད་དུ་བརྩམས་ཆོས་དང་བྱ་དགའ་སོགས་གང་ཅིའི་ཐད་ནས་གྲུབ་འབྲས་འབུར་དུ་ཐོན་པའི་མིག་དཔེར་འོས་པའི་མི་སྣ་ཞིག་ཡིན་པ་བཤད་མ་དགོས་།

             ཁོང་གི་བརྩམས་ཆོས་ལ་ད་སྔ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་ཡིག་གཟུགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་མང་པོ་ཐོབ་ལ།   བརྩམས་ཆོས་མི་ཉུང་བ་ཞིག་རྒྱལ་ཁབ་དང་ཞིང་ཆེན་དཔེ་མཛོད་ཁང་སོགས་ལས་ཁུངས་དང་སློབ་གྲྭ་ཆེན་མོ།   སྤྱི་ཚོགས་ལས་རིགས་སོ་སོས་ཉར་ཚགས་བྱས་ཡོད།   ནང་སྒོས་སུ་ཁོང་གིས་ལོ་ཡི་བགྲང་བྱ་མང་པོའི་རིང་ལ་ལུས་ཀྱི་ངལ་བ་དང་ཚེགས་ལ་མ་འཛེམ་པར་ཉིན་ཞག་གི་ཕྲེང་བ་རེ་རེར་དང་ལོ་ཟླ་ཡི་འཁོར་མོ་རེ་རེར་སེམས་ཤུགས་ཡོད་ཚད་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་སྟེང་དུ་བཏོན་ཏེ།   གཟུགས་པ་པོའི་མིག་ལ་མཛེས་པའི་དཔལ་སྟེར་བ་སོགས་ཀྱི་བརྩམས་ཆོས་སྐྱེས་སུ་ཕུལ་བ་གཞིར་བྱས་ཐོག་བོད་རང་གི་ཕྱི་རབས་པ་དག་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་འཕེལ་རིམ་གྱི་ལོ་རྒྱུས་ལ་རྨོངས་པའི་དཀའ་བ་ངང་གིས་སེལ་ཞིང་།    ཡིག་གཟུགས་དང་ལྷ་བྲིས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་འགྱུར་བའི་སྒོ་མོ་ཆེས་ཆེར་ཕྱེ་བར་མཛད་རྗེས་འགྲན་མེད་བཞག་ཡོད་པར་ང་ཚོས་མཆུ་སྒྲོས་ཀྱི་འདབ་མ་ལྷུག་པར་གྲོལ་ཏེ་བསྟོད་པའི་མཐེ་བོང་མཁའ་རུ་སྒྲེང་ནས་བསྔགས་པའི་རོལ་མོ་ཆེས་ཆེར་འཁྲོལ་ན་འོས་སོ་སྙམ།

དེ་བཞིན་དུ་ཨ་ཁུ་ཁོང་གིས་མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་གཟུགས་འབྲི་ལུགས་ཀྱི་ཞིང་ས་གཤིན་པོ་འདི་ལ་རྐང་ཚུགས་ཏེ།   སྔར་ལས་བརྩོན་པ་བརྒྱ་ཕྲག་བརྩེགས་ནས་བོད་ཀྱི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་རྒྱུན་སྐྱོང་བའི་ཕྱི་རབས་པ་གང་མང་སྐྱེད་སྲིང་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་བའི་ཡིག་གཟུགས་དང་ལྷ་བྲིས་ཀྱི་དཔུང་སྡེ་རྒྱ་ཆེར་བསྐྱེད་པའི་ཕྱིར།   སྔར་ལས་ལྷག་པར་རྒྱ་ཆེ་བའི་གཟིགས་མཁན་རྣམས་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་མཁོ་འདོན་བྱ་རྒྱུ་ནི་ཆེས་བླ་ན་མེད་པའི་གཟི་བརྗིད་དང་འགན་འཁྲི་ཡིན་ལ།   ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་བ་ཚོས་ཀྱང་རང་རང་གི་རྣམ་དཔྱོད་དང་ཡོན་ཏན།   བློ་རྒྱ་བཅས་ལ་བརྟེན་ནས་བོད་མི་རིགས་སྤྱི་དང་།    སྒོས་སུ་མི་རིགས་གཞན་པས་ལྟ་འདོད་པ་དང་རེ་འདུན་སྐོང་ཐུབ་པའི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་སྐྱེས་སུ་འབུལ་བར་འབད་འབུངས་བྱེད་དགོས་པའི་ཐོག        དུས་རབས་དང་མི་རིགས་ལ་ངོ་གནོང་མི་དགོས་པའི་ཡིག་གཟུགས་དང་ལྷ་བྲིས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་ཐོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

མཐར་ཨ་ཁུ་ཆོས་འཁོར་བསྟན་འཛིན་ཁོང་ཉིད་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། འདོད་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།།               

བཀྲ་ཤིས་བདེ་ལེགས།   

        དཀོན་མཆོག་སྒྲ་དབྱངས་རྒྱ་མཚོས།




ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་པ། ཆོས་འཁོར་བསྟན་འཛིན་རྒྱ་མཚོ།




བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཡིག་མཁན།འདན་ཚ་འཇམ་དབྱངས་ཆོས་དར་ཚང་གི་བཟའ་མི།







ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཟླ་ཟེར་དུས་དེབ་ཀྱི་གཙོ་སྒྲིག་པ།

ཕྱག་རྡོར་ཚེ་རིང་།





ཐེ་བོ་རྫོང་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི།རིན་ཆེན།



ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ། བདེ་ཆེན་ལྷ་མོ།





ཧུའུ་ནན་བཟོ་ཚོང་སློབ་ཆེན་ཆེན་གྱི་སློབ་མ། ཡེ་ཤེས་དཔལ་སྒྲོན།





ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ།ཚེ་རིང་དོན་འགྲུབ།




གཙོས་བོད་རིགས་སློབ་ཆུང་གི་སློབ་མ། རིན་ཆེན་ལྷ་མོ།




གཙོས་བོད་རིགས་སློབ་ཆུང་གི་སློབ་མ་ནོར་འཛིན་ལྷ་མོ།




གཙོས་བོད་རིགས་སློབ་ཆུང་གི་སློབ་མ། སྐལ་བཟང་དོན་འགྲུབ།



༄༅། །ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཡིག་གཟུགས་ཞལ་ཐང་རིང་མོ་འགྲེམ་སྤེལ་མཛད་སྒོའི་སྟེང་དུ་སྐད་ཆ་ཚིག་འགའ་ལབ་པའི་མ་ཟིན།

སྔོ་དེའུ་སྒོམ་པ་བཀྲ་ཤིས་ཀྱིས།

      འོ་ལགས་སོ།།   ཐོག་མར་འདིར་བཞུགས་ལྷན་རྒྱས་ཡོངས་ལ་ཁམས་བདེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚུགས་ནས་བགྲང་བྱ་༧༠ལོན་པར་རྟེན་འབྲེལ་ཞུ་བའི་ཆེད་དུ་དམིགས་ནས། ལྷ་རིས་སྒྱུ་རྩལ་བ་དང་། རྟེན་བཞེངས་ཇུས་འགོད་པ། ཡིག་མཁན་ཆེན་མོ། ཤེའུ་ཚང་སྒར་གསར་དགོན་པའི་གྲྭ་བ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་སཾ་བོད་ཤན་སྦྱར་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་དེ་རྫོང་ལྷ་བཅུ་གསུམ་གྱིས་ཕྱོགས་མཚམས་ཀུན་ནས་བསྐོར་བའི་ཡུལ་གྲུ། ཀླུ་ཆབ་སྔོན་མོ་དལ་གྱིས་འབབ་པའི་འགྲམ་ངོགས། བཀྲ་ཤིས་ཕྱུག་ལོངས་ཐང་ཞེས་བྱ་བ་ནས་གཟབ་རྒྱས་སུ་སྤེལ་བ་འགོ་བཀྲ་ཤིས་བར་བདེ་ལེགས་མཇུག་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་ཞུ།དེ་དང་ཆབས་ཅིག་ཏུ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་ང་རང་ཉིད་དེ་རིང་གི་ཡིག་གཟུགས་ཞལ་ཐང་རིང་མོའི་བརྩམས་ཆོས་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་མགྲོན་འབོད་བྱས་པར་ཡང་བཀའ་དྲིན་ཆེ་ཞུ་བ་ཡིན།

      ང་རང་ཡིག་མཁན་དང་ཆེད་དུ་ཡིག་གཟུགས་ལ་ཞིབ་འཇུག་བྱེད་མཁན་དེ་འདྲ་གང་ཡང་མིན་པས། འདིར་གཏམ་གླེང་མང་བ་རིང་བ་བྱས་ནས་ཚང་མའི་དུས་ཚོད་འཕྲོ་རློག་མི་གཏོང་བར་རང་གི་རྨོངས་བློར་འཆར་ཚུལ་སྐད་ཆ་ཚིག་ཁ་ཤས་ལབ་ཀི་ཡིན།

      དེ་ཡང་ཀོའུ་ཤི་ཀའི་བཤགས་མདོ་ཞེས་བྱ་བ་ལས། ཡི་གེ་སྤྲུལ་བའི་སྐུ་ཡིན་པས། །སྤྲུལ་བའི་སྐུ་ཡིས་བྱིན་རློབ་འགྱུར། །ཡི་གེ་གསལ་བའི་དོན་ཡིན་པས། །ཕ་རོལ་ཕྱིན་པའི་དོན་རྟོགས་འགྱུར། །ཡི་གེ་མི་བརྗེད་གཟུངས་ཡིན་ཕྱིར། །དྲན་པ་ཉམས་པར་མི་འགྱུར་རོ། །མི་བརྗེད་པ་ཡི་གཟུངས་ཐོབ་འགྱུར། །ཞེས་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས།   ལྔ་བརྒྱ་ཐ་མར་གྱུར་པ་ན།   །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་རྒྱལ་བའི་གསུང་རབ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡི་གེའི་གཟུགས་སུ་སྤྲུལ་ནས་ཀྱང་སེམས་ཅན་གྱི་དོན་མཛད་པར་གསུངས་ཡོད་པས། ནང་བ་སངས་རྒྱས་པ་སྤྱི་དང་སྒོས་སུ་བོད་གངས་ཅན་པ་རྣམས་ཀྱིས་ཡི་གེ་ལ་གུས་བཀུར་དང་བརྩི་མཐོང་ཆེན་པོ་བྱེད། ཡི་གེ་འབྲི་བཞེངས་བྱེད་པ་དད་པ་དག་སྣང་དང་འབྲེལ་ཞིང་། ཡི་གེ་འབྲི་བཞེངས་བྱེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཐབས་བླ་ན་མེད་པར་བརྩི་བ་ཡིན།

     ཡི་གེ་དར་བའི་ལོ་རྒྱུས་ཀྱི་ཆ་ནས། འཇིག་རྟེན་གྱི་དངོས་པོ་གང་དང་གང་ཡིན་ཡང་སྟབས་བདེ་ནས་རྙོག་འཛིང་ཅན་དང་སླ་མོ་ནས་དཀའ་མོར་འཕེལ་འགྱུར་འབྱུང་བ་ཆོས་ཉིད་ཡིན་པས། འགྲོ་བ་མིའི་རིགས་ཀྱི་ཡི་གེ་དང་རི་མོའང་དང་ཐོག་གི་སླ་མོ་མཚོན་བྱེད་ཙམ་ནས་རིམ་གྱིས་དཀའ་མོ་མཛེས་ཆོས་ཅན་དུ་འཕེལ་འགྱུར་བྱུང་བ་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་ཁག་ནས་ཤེས་ཐུབ་པས། རང་རེའི་བོད་ཡིག་གི་ཡིག་གཟུགས་འཕེལ་རིམ་ཡང་དེ་ལས་མ་འདས་པ་སྟེ། དབུ་ཅན་དང་དབུ་མེད་གཉིས་ལས་དང་ཐོག་མཚོན་བྱེད་ཙམ་གྱི་དབུ་མེད་བྱུང་ཞིང་། སྤྱི་ལོའི་དུས་རབས་བདུན་པ་ཙམ་དུ་སློབ་དཔོན་ཐོན་མིས་ལཉྫ་ལ་དཔེ་ལྟ་བྱས་ཏེ་དབུ་མེད་དབུ་ཅན་དུ་བསྒྱུར་ནས་སྦལ་ནག་ན་ལ་བགྲད་པ་འདྲ་བ་ཟེར་བའི་མཛེས་ཆོས་ཅན་གྱི་ཡིག་གཟུགས་གསར་གཏོད་བྱས་པ་ཡིན། འདིའི་སྐོར་ལུང་རིགས་དཔེ་གསུམ་དང་བཅས་བཤད་པ་དེ་རིང་སྐབས་སུ་མ་བབ་པོ།།

     ད་ལྟ་བོད་ཁམས་ཡོངས་སུ་ཡིག་གཟུགས་སམ་ཡིག་རུས་ཀྱི་བསྟན་པ་ཆེས་ཆེར་དར་བཞིན་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཡིག་གཟུགས་གསར་དུ་སྦྱོང་མཁན་ཞིག་ལ་མཚོན་ན། དང་ཐོག་བརྒྱུད་ཁུངས་དང་ལྡན་པའི་ཡིག་གཟུགས་འབྲི་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ། ཡིག་གཟུགས་འབྲི་སྦྱོང་བྱེད་པ་དེ་ལད་མོ་དང་། ཐོད་རྒལ། གསར་སྤེལ་བཅས་ཀྱི་དུས་རིམ་གསུམ་བརྒྱུད་དགོས་ཤིང་། ཇི་སྐད་དུ། རི་ཡི་མཆོག་ནི་རི་རབ་ཡིན།།སྒོ་ང་ལས་སྐྱེས་རྣམས་ཀྱི་ནི།།གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ།།མི་ཡི་གཙོ་བོ་ས་བདག་སྟེ།།དེ་བཞིན་རི་མོ་སྒྱུ་རྩལ་གཙོ།།ཞེས་པ་ལྟར། ཡིག་གཟུགས་སམ་ཡིག་རུས་ལ་གཞན་ཡིད་ཀུན་ནས་འཕྲོག་པའི་སྒྱུ་རྩལ་གལ་ཆེ་བས། གསར་སློབ་པ་ཞིག་ལ་མཚོན་ན་ལད་མོའི་དུས་རིམ་ནས་མི་ཚེ་མི་གཏོང་བར། སྒྱུ་རྩལ་གྱི་ཆ་ནས་ཐོད་རྒལ་གསར་སྤེལ་གྱི་ཚད་ལ་བསླེབ་པར་འབད་པ་བྱེད་རྒྱུ་གལ་ཆེ་སྙམ།

      སློབ་དཔོན་ཀླུ་སྒྲུབ་ཀྱིས། ཕྱི་རོལ་དོན་ནི་རྣམ་གཅིག་ལ།།ཐ་དད་ཤེས་པ་འཇུག་པར་འགྱུར།།ཡིད་འོང་གཟུགས་ནི་གང་ཡིན་པ།།དེ་ནི་གཞན་ལ་གཞན་དུ་སྣང་།།ཞེས་གསུངས་པ་ལྟར། དེ་རིང་འགྲེམ་སྟོན་བྱས་པའི་ཡིག་གཟུགས་ལ་མི་རང་རང་གི་མཐོང་སྣང་དང་བསམ་ཚུལ་མི་འདྲ་བ་ཡོད་སྲིད་ཀྱང་། ང་རང་གིས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་མཐོ་བའི་ཕུལ་བྱུང་བརྩམས་ཆོས་ཤ་སྟག་ཏུ་མཐོང་ངོ་།།

      ས་བཟང་མ་ཏི་པཎ་ཆེན་གྱིས། ལེགས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོགས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དག་པ་གཙོ་བོ་ཡིན།།ཞེས་གསུངས་པ་ལྟར།   དེ་རིང་འགྲེམ་སྟོན་བྱས་པའི་ཡིག་གཟུགས་ཀྱི་ཁྱད་ཆོས་གཙོ་བོ་ཡག་སྙོམས་དག་གསུམ་དུ་བསྡུ་ཆོག་པར་སྙམ་སྟེ། དེའི་ཚུལ་རེ་རེ་ནས་ཞིབ་ཏུ་གླེང་ན་མང་འགྲོ་བར་དོགས་པས་འདིར་ཁ་བྱང་ཙམ་ལས་བཤད་མི་དགོས་པ་བྱ་ལ། སྒྱུ་རྩལ་གྱི་ཁོ་ལག་ཡོངས་སུ་རྫོགས་པའི་ཕུལ་བྱུང་བརྩམས་ཆོས་གྲངས་སྤུས་གཉིས་ལྡན་འདི་ལྟ་བུ་ཞིག་ཀུན་གྱི་མིག་གི་དགའ་སྟོན་དུ་བཀྲམས་པ་བསྔགས་བརྗོད་དང་རྗེས་སུ་ཡི་རང་གི་མེ་ཏོག་ལན་བརྒྱར་འཐོར་འོས་པའི་གནས་སུ་སྣང་ངོ་།།

       མཇུག་ཏུ་ལྷ་རིས་པ་དང་། རྟེན་བཞེངས་ཇུས་འགོད་པ། ཡིག་མཁན་ཆེན་མོ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ཁོང་གི་སྐུ་ཚེ་རིང་། སྐུ་ཁམས་བདེ། བོད་ཀྱི་ལྷ་རིས་དང་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ནས་སྐུ་མཛད་སྔར་ལས་རྒྱས་པའི་བཀྲ་ཤིས་ཁ་གཡང་འདི་ཁ་མིན་སེམས་ཀྱིས་ཁ་དར་དཀར་བོ་ཞིག་གི་ཚབ་ཏུ་ཕུལ་བ་ལགས་སོ།།ཚང་མ་ཁ་དྲོ་བཀྲ་ཤིས།


   གསར་འགོད་པ། དཔལ་མགོན་ཚེ་རིང་།

ཀླུ་འབུམ་བཀྲ་ཤིས།   

རྡོ་རྗེ་རིན་ཆེན།

གསུང་བཤད་ཁག་གི་སྒྲིག་སྦྱོར་བ། རྟ་མགྲིན་མགོན་པོ།

ཡིག་གཏགས་པ་མགོན་པོ་དོན་གྲུབ།