设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཁྱུང་བྲིས་ཡིག་གཟུགས་ཀྱི་རྩ་བའི་ཕྱི་མོ་གང་ཡིན་དཔྱད་པ།

 二维码 3597
发表时间:2023-06-20 12:42作者:གཙོས་ཤེས་རབ་རྒྱ་མཚོ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

༄༅། །ཁྱུང་བྲིས་ཡིག་གཟུགས་ཀྱི་རྩ་བའི་ཕྱི་མོ་གང་ཡིན་དཔྱད་པ།



གཙོས་ཤེས་རབ་རྒྱ་མཚོས།

      བཙན་པོའི་དུས་རབས་སུ་དབུ་ཅན་འབྲི་རྒྱུན་བརྒྱད་ཙམ་བྱུང་བའི་ནང་རྒྱལ་བོ་ལ་སྟངས་ཕུལ་བས་རྒྱལ་བོའི་ཐུགས་ལ་གང་བབ་པ་དེ་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་ལ།ཐུགས་ལ་མ་བབ་པ་ནི་སྨ་འབེབས་དང་བཅས་དར་སྤེལ་བྱས་མི་ཆོག་པར་ལུགས་དང་མཐུན་པར་སྟངས་འཛིན་བྱས་ཡོད་པ་ནི་སྒྲིག་ཁྲིམས་དམ་པའི་བཙན་པོའི་དུས་སྐབས་ཀྱི་རིག་གནས་དར་བའི་རྟགས་མཚན་ཞིག་ཡིན།   ཕྱི་དར་དུས་མགོར་ཁྱུང་བོ་གཡུ་ཁྲིས་སྔ་དར་སྐབས་ཀྱི་ཡིག་རྒྱུན་ཁུངས་ལྡན་རྣམས་ལ་ཞིབ་ཏུ་དཔྱད་དེ་སྔར་གྱི་ཡིག་རྒྱུན་མ་ཉམས་པའི་རྨང་གཞིའི་ཐོག་སྔར་ལས་མཛེས་ཆ་ཐོན་ཕྱིར་ཆ་ཚད་བགོས་ཏེ་དབུ་ཅན་གཏན་འབེབ་གནང་ཡོད།དེས་ན་ཁོང་གིས་ཡིག་རྒྱུན་ཁུངས་ལྡན་གང་ལ་ཕྱི་མོར་བླངས་ཡོད་དམ་ཟེར་ན།བཻ་དཀར་གཡའ་སེལ་དུ་ཚིག་གོང་འོག་གཉིས་ཡོད་དེ།གཅིགཐོན་མིའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་བོ་གཡུ་ཁྲི་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད།ཅེས་རྩ་བ་ཐོན་མིའི་ཡིག་རྒྱུན་ཡིན་པར་གསུངས་ཤིང་། གཅིག་ནི། སྐ་ཅོག་ཞང་གི་ནང་ཚན་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་ལུགས་ཁྱུང་བོ་གཡུ་ཁྲིས་ཐིག་རུས་སུ་བཏབ་ཅིང་།ཞེས་དངོས་ཀྱི་ཕྱི་མོ་ནི་སྐ་བ་དཔལ་བརྩེགས་ཀྱི་ཡིག་རྒྱུན་ཡིན་པར་གསུངས་ཏེ་ཁོང་གི་དབུ་ཅན་ཡི་གེའི་ཆ་ཚད་ཀྱི་ཐིག་བཤད་དེ་ཡང་སྐ་བ་དཔལ་བརྩེགས་ཀྱི་རྫབ་ཆེན་ལྟར་བཀོད་འདུགདེང་སང་གི་ཞིབ་འཇུག་པ་འགས་"དབུ་ཅན་ཁྱུང་བྲིས་ཀྱི་རྩ་བའི་ཡིག་རུས་དེ་སྦལ་ནག་ན་ལ་བརྒྱངས་འདྲའི་འབྲི་རྒྱུན་ཡིན་"ཞེས་ཟེར།ལོ་རྒྱུས་ཐོག་སྦལ་ནག་ན་ལ་བརྒྱངས་འདྲ་དང་སྦུར་ནག་བལ་གྱིས་བཏུམས་འདྲ་ཞེས་པའི་མིང་གཉིས་བྱུང་ཡོད།   ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་ལས།རྒྱལ་བོ་འདིའི་སྐུ་རིང་ལ་ཡི་གེའི་མཁན་པོ་ཚེ་སྤོང་བྱང་ཆུབ་ཅེས་བྱ་བ་བྱུང་སྟེ།རྗེ་ལ་ཡི་གེའི་སྟངས་ཕུལ་བས།སྦུར་ནག་བལ་གྱིས་བཏམས་པ་འདྲ་བ་ཞིག་བྱུང་།རྗེའི་དབུ་རྟེན་གྱི་འོག་ཏུ་སྦས་ཏེ་བསྣམས་ནས་མདོ་སྨད་དུ་སྤྱུགས་པས།ཞེས་གསུངས།སྦལ་ནག་ན་ལ་བརྒྱངས་འདྲ་ནི་ཡི་གེའི་སྟོང་ཐུན་འཕྲུལ་སྒྲོན་ལས།དེའི་རྟིང་ལ་ཡི་གེའི་མཁན་པོ་དྷརྨ་ཙནྡྲ་བྱ་བ་གཅིག་བྱུང་སྟེ་རྗེ་ལ་ཡི་གེའི་སྟངས་ཕུལ་བ་ནི།སྦལ་ནག་ན་ལ་བརྒྱངས་པ་འདྲ་བ་གཅིག་བྱུང་སྟེ།རྗེའི་རྩིས་མ་གནང་ནས་སྨྱུ་གུ་བཅད་ཁམ་ཡི་གེ་དང་བཅས་པ་རྗེའི་ཞབས་འགོ་རུ་སྦས་ནས་འདི་ལ་རབ་གནས་ཀྱང་མི་དགོས་གསུངས་བསྣུབས་པ་ལགས་སོ།།ཞེས་ཡིག་མཁན་དེ་གཉིས་ཀའི་ཡིག་རྒྱུན་དར་སྤེལ་བཏང་མེད་པར་གསུངས་པས་སྦལ་ནག་ན་བརྒྱངས་ནི་ཁྱུང་བོས་མ་ཕྱི་མཛད་སའི་དཔེར་བྱེད་པ་མི་འཐད་ལ།དེའི་རྒྱུ་མཚན་ནི་དཔེའི་ཁྱད་གཞི་སྦུར་ནག་དང་སྦལ་ནག་གང་ལྟར་ཡང་དཔེ་ལེན་སྟངས་སྔ་མ་ནི་ཡི་གེ་ཟླུམ་གཟུགས་འབའ་ཞིག་པ་དང་ཕྱི་མ་ནི་ཡི་གེ་ལེབ་གཟུགས་ཁོ་ནའི་ཁྱད་ཆོས་མངོན་པས་ཁྱུང་བྲིས་ཡིག་རྒྱུན་ལ་འཇོག་གྲུ་བཞི་བྱེད་དགོས་པ་དང་རྩ་བ་ནས་འགལ་བས་དེའི་དབང་གིས་དཔེར་མ་བཟུང་བ་ཡིན།

      འོ་ན་ཡང་སྙིང་ཁྱུང་བྲིས་ཀྱི་ཕྱི་མོའི་ཡི་གེ་གང་ཡིན་ཟེར་ན།སྔ་དར་སྐབས་ཀྱི་བྲིས་རྒྱུན་ཁྱད་དུ་འཕགས་པ་སེངྒེ་གནམ་འཕྱོང་དང་མུ་ཏིག་བསྟར་བརྒྱུས།ཕྱིང་དཀར་ནས་སྒྲིག་གསུམ་ནི་ཁྱུང་བྲིས་ཀྱི་ཕྱི་མོ་ཡིན་ལ།དེ་ལས་ཀྱང་མུ་ཏིག་བསྟར་བརྒྱུས་ནི་རྩ་བའི་ཕྱི་མོ་ཡིན།   ཡི་གེའི་སྟོང་ཐུན་འཕྲུལ་སྒྲོན་ལས།ཞའི་རྩིབས་ཀྱི་རྡོ་རིང་གི་རྩ་བ་ནས་བྲིས་ཆ་རྣམས་ཟངས་ཀྱི་སྒྲོམ་བུའི་ནང་ནས་གཏེར་ནས་བཏོན།ཞའི་རྩིབས་ཀྱི་རྡོ་རིང་དང་།གར་ཆུང་གླ་བ་ཚལ་གྱི་བྲག་མེ་རི་ཅན་རྣམས་ཀྱི་དྲུང་དུ་སོང་ནས་རྒྱ་གར་ནས་བསྒྱུར་བའི་འཇོག་གྲུ་བཞི་སེངྒེ་དཀར་མོ་དགུང་དུ་འཕྱོང་བ་དང་འདྲ་བ་དང་།མུ་ཏིག་སྟར་ལ་བརྒྱུས་པ་དང་འདྲ་བ་དང་།ཕྱིང་བུ་དཀར་བོའི་སྟེང་དུ་ནས་སྔོན་མོ་བསྒྲིགས་པ་དང་འདྲ་བ་དང་ཞིབ་ཏུ་ཐིག་གི་ཆ་བགོས་ནས་བཏབ་པ་རྣམས་ལ་དཔེ་བླངས།ཞེས་ཚིག་གི་གསུང་ཟིན་ལ་བྲིས་རྒྱུན་དེ་གསུམ་ལ་ཡང་ཆ་ཚད་ཡོད་པར་བསྟན་ཅིང་།གང་ལྟར་དཔེའི་ཕྱི་མོ་ནི་དེ་གསུམ་ཡིན་པར་གསུངས།   ཡོངས་གྲགས་སུ་སེངྒེ་གནམ་འཕྱོང་ནི་མངའ་བདག་ཁྲི་རལ་གྱི་དུས་ཀྱི་གྲ་ཤོད་རྣམ་གཉིས་ལས་བྱུང་ཞིང་།མུ་ཏིག་བསྟར་བརྒྱུས་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཡིག་མཁན་འབྲིའུ་ཁྲོམ་གྱི་ཕྱག་རྒྱུན། ཕྱིང་དཀར་ནས་བསྒྲིགས་ནི་མེས་ཨག་ཚོམ་གྱི་དུས་གཙང་དགེ་བསྙེན་ནམ་དགེ་བསྙེན་དཀོན་མཆོག་ལས་བྱུང་བར་གྲགས།དེ་ལས་སེངྒེ་གནམ་འཕྱོང་ལ་བཙན་པོའི་དུས་སྐབས་སུ་ཕུང་བོ་གསུམ་པའི་མདོ་དང་བཟང་སྤྱོད་སོགས་དེས་བྲིས་ཏེ་བྲག་ཡེར་བ་སོགས་ན་བཞུགས་པར་བཤད་མོད་དེང་སང་མཐོང་དཀའ།   ཕྱིང་དཀར་ནས་བསྒྲིགས་ཀྱིས་བྲིས་པའི་དཔེ་ཡོད་མེད་ལོ་རྒྱུས་ཁག་ན་གསལ་བོར་མེད།མུ་ཏིག་བསྟར་བརྒྱུས་ནི་ཁྲི་སྲོང་གི་དུས་སུ་བྱུང་བར་བཤད་པ་ལྟར་དེའི་ཕྱི་མོ་ལྟ་བུ་ནི་བསམ་ཡས་རྡོ་རིང་ངོས་ཀྱི་ཡི་གེ་དང་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་འདི་ཡིན་ཏེ།བསམ་ཡས་རྡོ་རིང་གི་ཡིག་གཟུགས་ཁྱད་ཆོས་ནི་ཡི་གེའི་མགོ་དང་དཔུང་བ།ཟགས་མཆུ།ལ་སའི་མགོ་ཅན་ཅུང་ཟད་མིང་གཞིའི་མགོའི་སྔ་ཟུར་དུ་ནུར་བའི་འབྲི་ཚུལ་ལ་སའི་མགོ་ཅན་འབྲི་ཚུལ་འདི་ཏུན་ཧོང་ཡི་གེ་དང་ཕྱི་དར་ཐོག་མའི་དུས་རབས་འགའ་ལ་རྒྱུན་འཛིན་བྱས་ཡོད།སོགས་ཀྱི་སྟེང་ན་ཡོད་ལ།ལྷག་པར་ཚེག་ནི་ཟླུམ་ཚེག་གཉིས་གོང་འོག་ཏུ་བྱས་ནས་བྲིས་པ་འདི་འདྲ་བཙན་པོའི་སྐབས་ཀྱི་རྡོ་རིང་གཞན་གང་གི་སྟེང་ནའང་མེད་པའི་བྲི་སྲོལ་ཞིག་རེད།དེ་ཡང་ཡི་གེ་སྔ་ཕྱིའི་ཡིག་མགོ་ལས་ཅུང་ཟད་དམའ་བའི་མཚམས་ནས་བྲིས་ཡོད་པས་མུ་ཏིག་བསྟར་བརྒྱུས་ཞེས་པའང་བསམ་ཞྭའི་རྡོ་རིང་གཉིས་ཀྱི་ཚེག་འབྲིའི་ཁྱད་ཆོས་ཀྱི་སྟེང་ནས་མིང་ཐོགས་པ་ཞིག་མིན་ནམ་སྙམ།ཞྭ་ལྷ་ཁང་གི་རྡོ་རིང་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་མྱང་ཏིང་འཛིན་བཟང་བོ་ལ་བདག་རྐྱེན་གནང་བའི་བཀའ་གཙིག་སྔ་ཕྱི་ཁག་གཉིས་ཡོད་པ་ལས།སྔ་མ་ནི་དེང་སང་ཆ་ཚང་མཐོང་དུ་ཡོད་ལ།དེར་ཡིག་ཕྲེང་༦༢ ཡོད་ཅིང་།ཧ་ལམ་སྤྱི་ལོ་༧༩༨-༨༡༢ བར་དུ་བཙུགས།དེའི་ཡིག་གཟུགས་ནི་སྒྲོས་གཙང་ལ་ཉམས་ཆེ་བ།བསྒྲིགས་ལེགས་ཤིང་འབྲུ་གསལ་བ།དཀར་ནག་གི་ཆ་ཆེ་ཞིང་གྲུ་བཞི་འབུར་དུ་ཐོན་པ་ཞིག་ཡིན་པས་བཙན་པོའི་དུས་ཀྱི་རྡོ་རིང་ཐམས་ཅད་ཀྱི་ཏོག་ལྟ་བུ་ཡིན།ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དེ་འདྲའི་གཟབ་ནན་གྱིས་བཀོད་པའི་རྒྱུ་མཚན་ནི་བཙན་པོའི་དུས་སྐབས་སུ་ཐོན་མིའི་ཡིག་རྒྱུན་མི་ཉམས་པའི་ཆེད་དུ་ཡིན་པར་གོང་དུ་ཡི་གེའི་སྟོང་ཐུན་གྱི་ཤེས་བྱེད་དྲངས་པ་དེས་ཤེས།

      ཡང་བསྟན་བཅོས་འཕྲུལ་སྒྲོན་ལས།ཁྱུང་བོས་ཐིག་ཆ་བཟོ་སྐབས་གར་ཆུང་གླ་བ་ཚལ་གྱི་བྲག་མེ་རི་ཅན་ལ་ཕྱི་མོར་བླངས་པར་བཤད་པས།དེ་ནི་ལྡེའུ་ཆོས་འབྱུང་དུ།རྒྱལ་བོས་(སྲོང་བཙན་ལ་ཟེར།) གླ་བའི་ཚལ་གྱི་འདྲེའི་མདུན་ཕུང་ཞིག་པའི་ཕྱིར་སྐུ་དེ་ལ་(ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།) གསོལ་བ་བཏབས་པས་བཞད་པའི་ཞལ་ནས་འོད་ཟེར་གཅིག་བྱུང་སྟེ།འོད་ཟེར་གྱི་སྣ་ལ་འཕགས་པ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱོན།དེ་གཉིས་ཀྱི་ཞལ་ནས་འོད་ཟེར་མེ་དཔུང་འཕྲོས་པས་གླ་བའི་ཚལ་གྱི་དུག་གི་སྡོང་བོ་ལ་ཕོག་པ་དུག་ཐོར་བས་སྡོང་བོའི་རྩ་བ་ན་འདྲེའི་མདུན་ས་ཡོད་པ་ལ་ཕོག་པས་ཐམས་ཅད་བརྒྱལ་ལོ།།ཞེས་དང་།ཁྲོ་བོ་གཉིས་ཀྱི་མེ་དཔུང་ནི་གླ་བ་ཚལ་གྱི་བྲག་ལ་ཁ་ས་པ་ནི་དང་།དཔལ་རྟ་མགྲིན་དང་ཨ་མི་དེ་བའི་གཟུགས་སུ་ཆད་པས་ངོ་མཚར་བར་གྱུར་ཏེ་སང་རྒྱལ་བོས་འོད་ཟེར་ཤར་བ་བཞིན་དུ་རྡོ་འབུར་དུ་བརྐོས་སོ།།ཞེས་ཁྲི་སྲོང་བཙན་གྱིས་བྲག་ངོས་དེར་ལྷ་སྐུ་བརྐོས་པར་བཤད་ཡོད་ཅིང་།དེ་དང་མཉམ་དུ་ཐོན་མིའི་ཡིག་རྒྱུན་བྲག་ལ་བརྐོས་ཡོད་དམ་སྙམ་སྟེ།བཙན་པོའི་དུས་སྐབས་སུ་རྒྱལ་བོའི་རིམ་གྲོར་བྲག་ལ་ལྷ་སྐུ་བརྐོས་ཏེ་བཟང་སྤྱོད་སོགས་བསྔོ་སྨོན་གྱི་ཡི་གེ་བྲག་ལ་བརྐོས་སྲོལ་ཡོད་པ་འབུས་རྣམ་སྣང་སོགས་ཀྱིས་མཚོན་ཐུབ་པས།གླ་བ་ཚལ་གྱི་བྲག་མེ་རིའི་ཡི་གེ་ཡང་སེངྒེ་གནམ་འཕྱོང་སོགས་གསུམ་པོའི་གང་རུང་ཞིག་ཡིན་པར་གདོན་མི་ཟའོ།དེ་ལྟར་སྔ་དར་སྐབས་སེངྒེ་གནམ་འཕྱོང་སོགས་གསུམ་གྱི་འབྲི་རྒྱུན་ལུགས་སོ་སོར་ཡོད་པ་ལོ་རྒྱུས་ཁག་ན་གསལ་མོད།ཁྱུང་བྲིས་ཀྱིས་སེངྒེ་གནམ་འཕྱོང་སོགས་གསུམ་ལ་དཔེ་བྱས་ཞེས་པ་ནི་དབུ་ཅན་འབྲི་རྒྱུན་དེ་གསུམ་གའི་བྲི་སྟངས་ཆ་ཚང་བ་རེ་ཡི་གེ་གཅིག་ལ་ཚང་བར་བྱས་པའི་དོན་མིན་པར། དེ་གསུམ་གའི་ལེགས་པའི་ཁྱད་ཆོས་ཟུར་འདོན་གྱིས་ཡིག་གཟུགས་གཅིག་ལ་ཚང་བར་བྱས་ཏེ་ཡིག་ཁུངས་གཅིག་ཏུ་ཐོན་པར་བྱས་ཡོད་པ་ཡིན་ཏེ། ཡི་གེའི་སྟོང་ཐུན་སྒྲོན་མེ་ལས་ཐོག་མའི་བརྒྱུད་རབས་གསུངས་སྐབས།སེངྒེ་དཀར་མོ་དགུང་ལ་འཕྱོང་བ་འདྲ་བའི་ཆེན་པོའི་ཡི་གེ་ལེགས་པ་དང་།ཞེས་པ་ནས།སོ་སོར་གང་ལ་གང་ལེགས་ཆགས་ཚད་གཅིག་ལ་བླུགས་ནས་བྲིས།ཞེས་བྲི་རྒྱུན་གསུམ་ལས་ཡི་གེ་གང་ལ་སེངྒེ་གནམ་འཕྱོང་གི་ཉམས་འདོན་དགོས་པ་དང་།གང་ལ་མུ་ཏིག་བསྟར་བརྒྱུས་ཀྱི་ཁྱད་ཆོས་འདོན་དགོས་པ་དང་།གང་ལ་ཕྱིང་དཀར་ནས་སྒྲིག་གི་ཁྱད་ཆོས་འདོན་དགོས་པ་ལ་དེ་དང་དེའི་ཁྱད་ཆོས་དཔྱད་དེ་བྲི་རྒྱུན་གསུམ་གའི་ཁྱད་ཆོས་ཆ་ཚད་གཅིག་ལ་ཚང་བར་བྱས་པ་ཡིན་པར་གསུངས་པ་འདི་ངེས་པར་ཤེས་དགོས་སོ།།དེ་ཡང་འཇོག་གྲུ་བཞི་ནི་སེངྒེ་གནམ་འཕྱོང་གི་ཁྱད་ཆོས་གཙོ་བོ་ཡིན་པས་ཁྱུང་བྲིས་ལ་ཐམས་ཅད་གྲུ་བཞི་ཟུར་དོད་བྱེད་དགོས་ལ།ཐིག་བཏབ་གྲུ་བཞི་སྒྲོས་ནོན་འཚལ།།ཞེས་གསུངས་པས་ཀྱང་འགྲུབ།ཡི་གེའི་སྤྱིའི་ཚུགས་གྲུ་བཞི་མ་ཉམས་པའི་ཐོག་ཡི་གེའི་སྔ་ཕྱིའི་ཚེག་སྒྲིག་དང་མགོ་འདོན་སོགས་ནི་མུ་ཏིག་བསྟར་བརྒྱུས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པས།མུ་ཏིག་རྡོག་པོ་ཆེ་ཆུང་མཉམ་པ་ཕྲེང་དུ་བསྟར་བའི་མཛེས་ཁྱད་དཔེར་བླངས་ཏེ་ཡི་གེའི་མགོ་དྲང་ཞིང་ཡི་གེ་སྔ་ཕྱི་འབྱར་མི་རུང་བར་ཚེག་ཁྱིམ་བར་གྱི་ཡི་གེ་རྣམས་ཐ་གུར་སྦྲེལ་བ་ལྟ་བུ་འདི་ཁྱུང་བྲིས་ཀྱིས་རྒྱུད་འཛིན་བྱས་ཡོད།དེ་ཡང་བསམ་ཡས་རྡོ་རིང་སྟེང་གི་ཚེག་ནི་ཉིས་ཚེག་གོང་འོག་ཏུ་བྱས་པ་འདི་ཕྱིས་སུ་དབུ་མེད་ཀྱི་ཚེག་ནར་མོའི་དབྱིབས་སུ་འཕེལ་རྒྱས་སུ་སོང་བ་ཞིག་རེད། དཔུང་བ་དང་སྤོ།ཟགས་མཆུ་ཕྲ་སྦོམ་ཕྱེད་པ་ནི་ཕྱིང་དཀར་ནས་སྒྲིག་གི་ཁྱད་ཆོས་གཙོ་བོ་ཡིན་ཏེ།ནས་འབྲུའི་མགོ་རྔ་ཕྲ་ཞིང་དཀྱུས་ལྡིར་བས་ཕྱིང་དཀར་ཐོག་ནས་འབྲུ་ལེགས་པར་བསྒྲིགས་པ་ན་དཀར་ནག་གི་ཆ་གསལ་ཞིང་།སྦོ་སོགས་མཉེན་པའི་ཉམས་འབྱུང་བས།དེས་ཡི་གེའི་དཔུང་བ་འཛུམ་ཞིང་སྦོ་མཉེན་པ།ཟགས་མཆུ་གཞོལ་བ་བཅས་ཀྱི་ཁྱད་ཆོས་གསལ་བར་བསྟན་ཡོད།

       དེང་སང་བསམ་ཡས་རྡོ་རིང་དང་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་ནི་རྩ་བའི་ཆ་ནས་མུ་ཏིག་བསྟར་བརྒྱུས་ཀྱི་ཡི་གེ་ཡིན་པར་མང་བོས་ཁས་ལེན་བྱེད་བཞིན་ཡོད་ལ། ཡི་གེའི་སྟོང་ཐུན་དང་བཻ་དཀར་གཡའ་སེལ་གྱི་ཡི་གེའི་ཆ་ཚད་སོགས་དང་ཞིབ་ཏུ་བསྡུར་བ་ཡིན་ན་བསམ་ཡས་རྡོ་རིང་ཡི་གེ་ནི་ཉིས་ཚེག་གོང་འོག་དང་ལ་སའི་མགོ་ཅན་འབྲི་སྟངས་དམིགས་བསལ་ཅན་ཁ་ཤས་ལས།ཡི་གེ་སྤྱི་བྱིངས་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་འདྲ། ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་ནི་དབུ་ཁྱུད་དང་ལ་སའི་མགོ་ཅན། གསལ་བྱེད་ཡི་གེའི་མགོ་འདོན་སྟངས།དཔུང་བ་ལེན་ཚུལ།སྦོ་འཐེན་སྟངས།དབྱངས་བཞིའི་འབྲི་ཚུལ།ཡ་རའི་འདོགས་འབྲེལ།ཚེག་དང་ཤད་འབྲི་ཚུལ་སོགས་ཡི་གེའི་སྟོང་ཐུན་དང་གཡའ་སེལ་ཐིག་བཤད་ནས་བཤད་པ་ལྟར་གྱི་ཁྱད་ཆོས་མངོན་གསལ་འདུག་པས་དེ་ཁྱུང་བྲིས་དང་ཐག་ཤིན་ཏུ་ཉེ་བར་ཡོད།

       གཤམ་དུ་ཞྭ་ལྷ་ཁང་གི་རྡོ་རིང་དེ་ལས་ཡི་གེ་འགའ་དཔེར་མཚོན་དུ་བཀོད་ན། རྡོ་རིང་ཡི་གེར།གཅེན་མུ་རུག་བཙན་པོ་དང་།ཇོ་མོ་མཆེད་དང་།རྒྱལ་ཕྲན་རྣམས་དང་།ཞེས་ཡི་གེ་ཐམས་ཅད་ཀྱི་མགོ་ནི་མགོ་རབ་ཐག་ཟླུམ་གྲིས་བཅད་དང་རྣོ་ཟུར་མེད་པ་ཡིན་པས་ཁྱུང་བྲིས་ཐིག་བཤད་དང་མཐུན། མགོ་དང་རྐང་བ་ཕྲ་སྦོམ་ཆེ་དྲག་པ་མིན་ཞིང་།རྐང་བ་རྩེ་ཕྲ་མིན་པས།ཆ་ཐིག་ནམ་མཁའི་ནོར་བུ་ལས།མགོ་སྦོམ་རྐང་བ་ཕྲ་བ་དང་།རྐང་བ་སྟོད་སྦོམ་རྩེ་མོ་ཕྲ།།ཡར་ཚེ་ཐམས་ཅད་ཕྲ་བ་ཀུན།ཡི་གེ་ངན་པའི་རྒྱུ་རྣམས་ཡིན།།ཞེས་བསྟན་པའི་ལྡོག་ཕྱོགས་ཀྱི་བླང་བྱ་ལྟར་ལེགས་པར་ཐོན་འདུག

ག་དང་ཅ་ཡིག་ནི་སྡེ་སྲིད་《གཡའ་སེལ་》དང་《ཆ་ཚད་དཔྱོད་ལྡན་ཡིད་གསོས་》ལྟར་ཆ་ཚད་དུམ་བུ་བདུན་པ་ཡིན་པར་བལྟས་པ་ཙམ་གྱིས་ཤེས་ལ།འགྲེང་བུ་གསེག་གཞོལ་ཆེ་ཞིང་ཡི་གེའི་སྔ་ཟུར་དུ་དྲང་བོར་གདབ་པ།གི་གུ་ཟླུམ་འགྲིལ་མཐོ་དམན་མཉམ་ཞིང་རྩེ་འཁྱུག་པ།ན་རོའི་ཆོད་གཉིས་འཛུམ་ཞིང་མཐོ་དམན་མཉམ་པ་ནི།འཕྲུལ་སྒྲོན་དུ།གི་གུ་ལ།སྔ་ཟུར་བསྐོར་ལ་ཕྱི་ཟུར་བསྒྱུར།།མཐོ་དམན་མེད་པ་མཆོག་ཡིན་ནོ།།ཞེས་དང་།འགྲེང་བུ་ལ།འགྲེང་བུ་སུམ་གཉིས་དྲང་བོར་གདབ།།སུམ་ཆ་དག་ལ་སྔ་ཟུར་ཁྲིད།།ཅེས་དང་།ན་རོ་ནི།གཉིས་ཆོད་འཛུམ་ལ་མཐོ་དམན་མཉམ།།ཞེས་གསུངས་པ་ལྟར་ཇི་ལྟ་བ་ཡིན།ན་དང་མའི་མིག་འགྲིལ་ནི་ཉ་མིག་ལྟ་བུ་ཤིན་ཏུ་ཟླུམ་པ་ཡིན་པས།མིག་འགྲིལ་རབ་ཀྱི་འབྲི་ཚུལ་ཡིན་ལ།ལྷག་པར་ན་མ་ཆ་ར་ཙ་རྣམས་ཀྱི་སྐེ་ནི་མགོ་དཀྱིལ་ནས་དྲང་བོར་བཏབས་པས།བསྟན་བཅོས་འཕྲུལ་སྒྲོན་དུ།སྐེ་རྐེད་ཡར་འཕུལ་མར་འཐེན་རྣམས།།མདའ་ལྟར་དྲང་བ་ཤིན་ཏུ་གཅེས།།ཞེས་ཡི་གེའི་སྐེ་དང་རྐེད་པ།ཡར་འཕུར།མར་འཐེན་བཞི་ག་དྲང་དགོས་པ་གཅེས་པ་བརྒྱད་ཀྱི་གྲས་སུ་བཞག་ཡོད།རྒྱལ་གྱི་ཡ་བཏགས་ནི་ཕྱང་མ་སྐྱིལ་དང་།ཕྲན་ཞེས་པའི་རའི་འདོགས་ནི་རྐང་ཟུར་ནས་དྲང་བོར་འཐེན་ཞིང་ཡི་གེའི་ཁོག་དང་རིང་ཐུང་ཚད་མཐུན་པས།ར་སྟ་རིང་ཐུང་ཁོག་གི་ཚད།།ཅེས་དང་།ཀ་བ་མདའ་རྒྱབ་ལྟ་བུར་དྲང་།།ཞེས་དང་།འཕྲུལ་སྒྲོན་དུ།ར་སྟ་དག་གི་མཚན་ཉིད་ནི།།དྲང་བོར་བཏབ་ལ་སྔ་སོར་ཁྲིད།ཞེས་པ་རྣམས་དང་མཐུན་ཡོད།དེས་ན་ཞྭ་ལྷ་ཁང་གི་རྡོ་རིང་ནི་ཡི་གེའི་གཞུང་ལུགས་ལས་བསྟན་པ་ལྟར་གྱི་ཆ་ཚད་དང་ཤིན་ཏུ་མཐུན་པས་རྒྱ་གར་ནས་བསྒྱུར་བའི་ཡི་གེ་མི་འགྱུར་བའི་རྟགས་ལ་ཞྭའི་རྩིབས་ཀྱི་རྡོ་རིང་།གར་ཆུང་གླ་བ་ཚལ་གྱི་བྲག་རི་མེ་རི་ཅན།ལྷ་སའི་རྡོ་རིང་ལ་ཞིབ་པར་བཏགས་ནས་ཡོད་ཅེས་དང་།ཞ་ཡི་རྩིབས་ཀྱི་རྡོ་རིང་དང་།ཞེས་སོགས་གོང་དུ་དྲངས་པ་འདི་དག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་སྙམ། རྣམ་དཔྱོད་དང་ལྡན་པ་སུ་ཞིག་གིས་མིག་གིས་བལྟས། ཡིད་ཀྱིས་དཔྱད་ན་དེ་དག་ཏུན་ཧོང་ཡི་གེ་ལྟར་གཤར་ཆེ་བ་མིན་པར་ཆ་ཚད་ཡོད་པ་ཤེས་སླ་ཞིང་།ཁྱུང་བྲིས་ཀྱང་རྨང་གཞི་འདི་འདྲའི་ཐོག་དར་ཁྱབ་ཏུ་སོང་བའི་ངོས་འཛིན་སྐྱེ་ནུས་པ་རེད།འོ་ན་ཆ་ཚད་དེ་འདྲ་ཡོད་ན་ཁྱུང་བོས་དར་རྒྱས་ཅི་ཞིག་གཏོང་ཡོད་སྙམ་ན།རྡོ་རིང་ཡི་གེའི་ཆ་ཚད་འཛིན་བྱེད་ནི་སྨྱུག་ཁམ་ཡིན་ལ།དེ་དཀྱིལ་འཁོར་གྱི་ཆ་ཚད་དང་རིགས་པ་སྦྱར་ཏེ་ཐིག་བཤད་ཞིབ་འགྲེལ་ལྷན་ཐབས་སོགས་དང་།སྨྱུ་གུ་སྨྱུག་གྲི་ཤོག་བུ་དང་བཅས་པའི་གཞུང་ལུགས་རང་བཞིན་ལྡན་པར་མཛད་པ་ནི་སྔ་དར་དུས་སུ་མེད་པས་དེ་ནི་ཁྱུང་བོ་ཡབ་སྲས་ཀྱི་ཕྱག་རྗེས་གཙོ་བོ་ཡིན་ཏེ།ཤེས་བྱ་ཀུན་ཁྱབ་ཏུ།ཁྱུང་བོ་གཡུ་ཁྲི་འབར་ཞེས་བྱ་བས་དཀྱིལ་འཁོར་གྱི་ཐིག་རིས་ལ་དཔེ་བླངས་ནས་ཆ་ཆེ་ཆུང་དུ་བགོས་པ་སོགས་ཐིག་དང་།སྨྱུ་གུ།ཤོག་ཆགས་འབྲི་ལུགས་སོགས་ཀྱི་བསྟན་བཅོས་བྱས་ཏེ་སློབ་མ་བསམ་གྱིས་མི་ཁྱབ་པ་བསྐྱངས།ཞེས་གསུངས་པ་ནི་ཁོང་གི་མཛད་རྗེས་ཀྱི་སྡོམ་ཚིག་ལྟ་བུ་ཡིན།


རྩོམ་འདིའི་དཔྱད་གཞིའི་ཡིག་ཆ།

ཡི་གེའི་སྟོང་ཐུན་ལས་ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ།ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

ཡི་གེའི་སྟོང་ཐུན་ལས་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ།ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

ཡི་གེའི་སྟོང་ཐུན་ལས་ཡི་གེའི་བསྟན་བཅོས་གསལ་བའི་སྒྲོན་མེ།ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ།མཇུག་བྱང་དུ་འཕགས་པ་འཇམ་དཔལ་གྱིས་མཛད་པ་རྫོགས་སོ།།ཞེས་ཡོད།

བེེ་ཌཱུརྱ་དཀར་བོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད།》(སྨད་ཆ།སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠

ཆ་ཚད་ཀྱི་བྲིས་དཔེ་དཔྱོད་ལྡན་ཡིད་གསོས།བྲིས་མ།

ཤེས་བྱ་ཀུན་ཁྱབ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།

བོད་ཡིག་གི་རྣམ་དཔྱད།པདྨ་བཀྲ་ཤིས་ཀྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣

བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར།དྲུང་ཡིག་སྨོན་ལམ་རྒྱ་མཚོས་མཛད།སི་ཁྲོན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས། ༡༩༩༧

༡༠རྒྱ་བོད་ཆོས་འབྱུང་རྒྱས་པ།ལྡེའུ་ཇོ་འབུམ་གྱིས་མཛད།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༨༧

༡༡བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་།བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཏབས།མི་རིགས་དཔེ་སྐྲུན་ཁང་། ༡༩༨༤

༡༢ བསྟན་རྩིས་གསལ་བའི་ཉིན་བྱེད།མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨

༡༣སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།ནེའུ་པཎྚི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠

༡༤དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦

༡༥ རྭ་ལོ་ཙཱ་བའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ།རྭ་ཡེ་ཤེས་སེངྒེས་མཛད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤