设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཁྱུང་བྲིས་ཡིག་གཟུགས་ཀྱི་ཁྱད་ཆོས་དང་དེའི་བྲིས་རྒྱུན་ཁག་གླེང་བ།

 二维码 3653
发表时间:2023-06-20 12:30作者:གཙོས་ཤེས་རབ་རྒྱ་མཚོ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

༄༅།།ཁྱུང་བྲིས་ཡིག་གཟུགས་ཀྱི་ཁྱད་ཆོས་དང་དེའི་བྲིས་རྒྱུན་ཁག་གླེང་བ།

གཙོས་ཤེས་རབ་རྒྱ་མཚོ།

དང་བོ། ཁྱུང་བྲིས་ཡིག་གཟུགས་ཀྱི་ཁྱད་ཆོས།

   ཁྱུང་བྲིས་ནི་སྒྲ་སོར་དོག་པའི་དབང་དུ་བྱས་ན་ཁྱུང་བོ་གཡུ་ཁྲིས་ཞྭ་ལྷ་ཁང་གི་རྡོ་རིང་དང་གར་ཆུང་གླ་བ་ཚལ་གྱི་བྲག་བརྐོས་ཡི་གེ་སོགས་ལ་ཕྱི་མོར་བཟུང་སྟེ་ཞིབ་ཏུ་ཐིག་གི་ཆ་བགོས་ནས་གཏན་ལ་ཕབ་པས་དེ་དང་དེ་ལས་མཆེད་པའི་དབུ་ཅན་འབྲི་རྒྱུན་ཡོངས་ལ་ཟེར་ཞིང་།སྒྲ་སོར་ཡངས་པའི་དབང་དུ་བྱས་ན་སྔ་དར་སྐབས་ཀྱི་དབུ་ཅན་ཡིག་རྒྱུན་ཆེན་པོ་བརྒྱད་ལས་སྦལ་ནག་ན་ལ་བརྒྱངས་འདྲ་དང་།སེངྒེ་གནམ་འཕྱོང་།མུ་ཏིག་བསྟར་བརྒྱུས་གསུམ་འདུས་པའི་ཁྱུང་བྲིས་སྤྱི་ལ་ཟེར།

   ཁྱུང་བོ་གཡུ་ཁྲི་ནི་འཇུ་མི་ཕམ་པས་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན་པར་གསུངས་ཤིང་།མཁས་དབང་དུང་དཀར་ཚང་གིས་ཀྱང་དེ་དང་མཐུན་པར་གསུངས།ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེར།དབུས་གཙང་གི་མི་དྲུག་ཁམས་སུ་རབ་ཏུ་བྱུང་ནས་ཡར་བྱུང་སྟེ་བསྟན་པའི་མེ་རོ་བསླངས།དེའི་དུས་སུ་ཡི་གེའི་མཁན་པོ་རིགས་གསུམ་མགོན་པོའི་སྤྲུལ་བ་གསུམ་བྱུང་སྟེ།སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲུལ་སྐུ་ཀ་བ་རིང་བོ།འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཁྱུང་བོ་གཡུ་ཁྲི།ཕྱག་ན་རྡོ་རྗེའི་སྤྲུལ་བ་ཏྲ་ཤོད་འབུམ་མེ་དང་གསུམ་བྱུང་།ཞེས་བསྟན་པ་ཕྱི་དར་གྱི་མགོ་བཙུགས་པའི་དུས་མཚུངས་ཙམ་དུ་བྱུང་བར་གསུངས་པས་ཕྱི་དར་ལོ་ཚིགས་ལ་བཤད་ཚུལ་མང་ཡང་ཡོངས་གྲགས་ལྕགས་བྱ་ལ་(༨༤༡)བོད་དུ་བསྟན་པ་བསྣུབས་ནས་དེ་ནས་ལོ་ངོ་བརྒྱ་ཕྲག་འདས་རྗེས་སུ་དབུས་གཙང་གི་མི་བཅུས་བླ་ཆེན་ལས་སྡོམ་པ་བླངས་ཏེ་ས་མོ་བྱ་(༤༩)ལོར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་ལ་མོར་གྱེལ་གྱི་གཙུག་ལག་ཁང་བཞེངས།ལྕགས་ཁྱི་(༩༥༠)ལོར་གླན་ཡེ་ཤེས་འབར་དང་།རྔོག་བྱང་ཆུབ་འབྱུང་གནས་སོགས་རབ་ཏུ་བྱུང་བ་ནས་བཟུང་ཕྱི་དར་གྱི་མགོ་ཚུགས་པར་མང་ཐོས་ཀླུ་སྒྲུབ་པའི་བསྟན་བརྩིས་སུ་བཤད་པས་ཁྱུང་བོ་གཡུ་ཁྲི་ཡང་ཧ་ལམ་དུས་རབས་བཅུ་བའི་དཀྱིལ་ཙམ་དུ་འཁྲུངས་པར་ངེས།དབུས་གཙང་གི་མི་དྲུག་གམ་བཅུ་ལས་བྱུང་བའི་སྡོམ་རྒྱུན་འཛིན་མཁན་གྱི་གྲས་སུ་ཁྱུང་བོའི་མིང་ཅན་མང་ཡང་ཁྱུང་བོ་གཡུ་ཁྲིའམ་ཁྱུང་བོ་གཡུ་ཁྲི་འབར་ཞེས་པ་ལན་གཅིག་ཀྱང་མ་ཐོན་པ་འདིས་ཁོང་རྟེན་རབ་བྱུང་མིན་པ་ཤེས།   ལ་ལས་ཁྱུང་བོ་ནི་ལོ་ཆེན་རིན་བཟང་གི་དངོས་སློབ་ཅིག་ཏུ་བཤད་མོད་ད་བར་ལོ་ཆེན་གྱི་རྣམ་ཐར་ཁག་ལས་མཐོང་མ་བྱུང་།མཁས་གྲུབ་ཁྱུང་བོ་དང་གཅིག་ཏུ་འདོད་པ་ནི་མིང་ཟུར་འདྲ་བ་ཙམ་ལ་བསྟེན་པ་ལས་རྒྱུ་མཚན་ཅི་ཡང་མེད་དོ།།དེང་སང་གི་ཉམས་ཞིབ་པ་འགའ་རེས་ཁོང་ནི་དུས་རབས་བཅུ་གཅིག་པའི་ནང་དང་།ཡང་རི་འབུར་ངག་དབང་རྒྱ་མཚོ་སོགས་བོན་པོའི་དཔྱོད་ལྡན་འགས་དུས་རབས་དགུ་བའི་ནང་དུ་འཁྲུངས་པར་བཤད་པ་ནི་གོང་གི་བསྟན་བཅོས་འཕྲུལ་སྒྲོན་དང་མི་མཐུན།

   བོད་དུ་ཤེས་རབ་ཆེ་བ་ལ་འཇམ་པའི་དབྱངས་ཀྱི་སྤྲུལ་བར་བཤད་སྲོལ་ཡོད་པ་སློབ་དཔོན་ཐོན་མི་ནས་ཟམ་མ་ཆད་པར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ལ་བྱུང་ཡོད།ཡིག་གཟུགས་ཕྱོགས་ལ་དུས་རབས་བཅུ་གསུམ་ཡས་མས་ཀྱི་རྒྱ་མ་ཁྲི་སྒང་གི་བརྒྱད་སྟོང་བའི་གསེར་བྲིས་ཀྱི་མཇུག་བྱང་དུ།ཀྱེ་ལྟོ་དཀར་རྒྱལ་བོའི་འཕྲེང་གསུམ་འབྱོན་འདྲ།།འཇམ་དབྱངས་ཡང་སྤྲུལ་མཁས་པ་མལ་གྱིས་བྲིས།།ཞེས་ཁྱུང་བྲིས་ལས་མཆེད་པའི་ཡིག་རྒྱུན་མལ་ལུགས་ཀྱི་སྲོལ་བཏོད་པ་བོ་མཁས་པ་མལ་བྱ་བ་དེ་ལ་འཇམ་དབྱངས་ཡང་སྤྲུལ་ཡིན་ཞེས་འབོད་སྲོལ་ཡོད་པ་འདིས།   ཡིག་མཁན་འདི་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཁྱུང་བོ་གཡུ་ཁྲི་ལས་ཡང་སྤྲུལ་གྱི་ཚུལ་དུ་བྱུང་བར་བསྟན་པ་ཞིག་མིན་སྣམ་སྙམ་སྟེ་དཔྱད་དགོས།   འོན་ཀྱང་དུས་རབས་བཅུ་བ་ནས་བཀའ་བསྟན་འབྲི་བཞེངས་མཛད་པའི་མཛད་བྱང་ཁག་ན་ཡིག་མཁན་གྱི་མིང་དང་ཆེ་བ།རྒྱུད་པ་སོགས་ཅུང་ཟད་མདོར་བསྡུས་རེ་བྲི་སྲོལ་ཡོད་པ་ལས།དེར་ཁྱུང་བོ་གཡུ་ཁྲི་ཞེས་པའི་མཚན་ཐོན་པ་ད་སྔ་མཐོང་ཐོས་མ་བྱུང་མོད།སྔོན་གྱི་ཤེར་ཕྱིན་བྲིས་མ་རྙིང་བ་དག་གི་མཛད་བྱང་དུ།གྲུ་བཞི་ཁོང་འཛུམ་རྣམ་ཤེས་ཡོད་པ་འདྲ།།ཞེས་དང་།ཞ་ལུའི་བཀའ་འགྱུར་གསེར་བྲིས་ཀྱི་མཛད་བྱང་དུ།གངས་རིའི་ཁྲོད་འདིར་མཁས་གྲགས་མང་ན་ཡང་།།ཚད་ལྡན་འབྲི་བའི་རྒྱུད་པ་འགར་གྱི་བུ།།ཞེས་བཤད་པའི་སྔ་མའི་གྲུ་བཞི་ཁོང་འཛུམ་ནི་དབུ་ཅན་ཁྱུང་བྲིས་ཀྱི་རྩ་བའི་ཁྱད་ཆོས་ཡིན་ཏེ།ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེར།ཐིག་བཏབས་གྲུ་བཞི་སྒྲོས་ནོན་འཚལ།།གྲ་རིས་སྣག་རོ་མེད་པ་དང་།།མི་འཁྱོར་ཚིག་མདུད་མེད་པ་དང་།།གལ་རྩེ་ཆ་སྙོམས་ཁོག་ཡང་དྲང་།།ཐམས་ཅད་གྲུ་བཞི་ཟུར་དོད་ཡིན།།ཞེས་དང་།ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ་ལས།ཐམས་ཅད་གྲུ་བཞི་སྙོམས་པར་ལེགས།།ཞེས་ཡི་གེའི་སྤྱིའི་གཟུགས་ནི་ཆ་ཚད་ཀྱི་དབང་གིས་གྲུ་བཞིར་འབབ་དགོས་ཤིང་།ཁོང་འདྲེན་ཅན་གྱི་ཡི་གེར་འཛུམ་ཆེ་བ་ནི་ཁྱུང་བྲིས་ཀྱི་ཁྱད་ཆོས་ཤིག་ཡིན།ཕྱི་མའི་ཚད་ལྡན་ཞེས་པའང་ཡི་གེའི་ཆ་ཚད་གཏན་ལ་ཕབ་པའི་གཞུང་ལྟར་བྲིས་པ་ལ་གོ་དགོས་ཀྱི་གང་བྱུང་དུ་གཤར་ཆེ་བར་བྲིས་པ་ནི་ཚད་ལྡན་མ་ཡིན་པས་དེ་དག་གིས་ཕྱི་མོ་བྱེད་སའི་ཆ་ཚད་ཀྱི་གཞུང་ནི་ཁྱུང་བོ་གཡུ་ཁྲིའི་གཞུང་ལ་བརྟེན་པར་ཤུགས་ཀྱིས་ཤེས།བསྟན་བཅོས་འཕྲུལ་སྒྲོན་དུ།ཡི་གེ་མི་འགྱུར་བའི་རྟགས་ལ་ཞྭའི་རྩིབས་ཀྱི་རྡོ་རིང་།ཞེས་དང་།ཞ་ཡི་རྩིབས་ཀྱི་རྡོ་རིང་དང་།།གར་ཆུང་གླ་བ་ཚལ་གྱི་བྲག་རྣམས་ལ།།མ་ནོར་གོལ་མེད་ཆགས་ཚད་ལྡན་པར་བཏབ།།ཅེས་ཞྭ་ལྷ་ཁང་གི་རྡོ་རིང་ནི་ཁྱུང་བྲིས་ཀྱི་སྔོན་དུ་ཆ་ཚད་ལྡན་པའི་ཡི་གེ་ཡིན་པར་གསུངས་ཤིང་།དེ་དག་ལ་གཞིར་བྱས་ནས་ཁྱུང་བོ་གཡུ་ཁྲིས་ཡི་གེ་རེ་རེར་ས་ཞིང་ངམ་དཀྱིལ་འཁོར་གྱི་ཐིག་ཚད་ལ་དྲངས་ཏེ་ཆ་བགོས་པའི་ནང་དུ་འབབ་དགོས་པའི་ངེས་སྲོལ་དང་ཡི་གེ་རེ་རེའི་མ་བུའི་ཆོས་ལ་བཤད་པ་དང་བཅས་གཞུང་ལུགས་དང་ལྡན་པར་གཏན་འཁེལ་མཛད་ཡོད།

    དེ་ལ་ཡི་གེ་སྤྱིའི་ཆ་ཚད་ཆ་དྲུག་ཏུ་འདུ་བར་བྱས་ཏེ་མགོ་དཔུང་གཉིས་ལ་ཆ་གཅིག།ཝོ་དང་ཟགས་མཆུ་ལ་ཆ་གཉིས།རྐང་བ་ལ་ཆ་གསུམ།   དེ་བཞིན་མགོ་དང་དཔུང་བ།སྤོ།ཟགས་མཆུ།ཡར་འཕུལ།མས་འཐེན།མིག་འགྲིལ་བཅས་རྩ་བའི་ཡི་གེའི་ཟུར་བདུན་ལ་རབ་འབྲིང་ཐ་གསུམ་གྱི་བྲི་སྲོལ་ཕྱེ་བས་མ་ཆོས་ཉེར་གཅིག་ཅེས་གྲགས་པ་དང་།   དབྱངས་བཞི་ལས་ན་རོ་ལ་ཆོས་གསུམ།འགྲེང་བུའི་ཆོས་གཉིས།གི་གུའི་ཆོས་གསུམ།ཞབས་ཀྱུའི་ཆོས་གསུམ།ར་བཏགས་ཀྱི་ཆོས་གཉིས།ཡ་བཏགས་ཀྱི་ཆོས་གསུམ་སྟེ་སྡོམ་བཅུ་དྲུག་ལ་བུ་ཆོས་ཞེས་འདོགས་པ་དང་།གཟུགས་དཀྱུས་སུ་མ་གོལ་བ།དཀྱུས་ཉིད་ཚང་ནས་མ་ཡར་བ།གཟུགས་དཀྱུས་གཉིས་ཤན་ཕྱེད་པ་སྟེ་སྤྱི་ཆོས་གསུམ་བཅས་བཞི་བཅུ་བོ་འདི་ལ་འཕྲུལ་ཡིག་བཞི་བཅུ་ཞེས་ཐ་སྙད་བཏགས་པ་འདི་ནི་ཁྱུང་བོ་གཡུ་ཁྲིའི་ལུགས་ཡིན་ཞིང་།གཞན་གཅེས་པ་བརྒྱད་དང་འདོན་པ་བཅུ་སྟེ་བཅོ་བརྒྱད་ནི་ཞར་འབྱུང་ཙམ་ཡིན་པར་བསྟན་བཅོས་འཕྲུལ་སྒྲོན་དུ་བཤད་མོད།དེ་ཡང་ཡིག་གཟུགས་ཀྱི་མཛེས་ཆ་ཐོན་པ་ལ་མེད་མི་རུང་གི་མན་ངག་ཡིན་པས་གལ་ཆེ།   ཤེས་བྱ་ཀུན་ཁྱབ་ཏུ་འདོན་པ་བཅུ་བཞིར་བགྲངས་ཤིང་།འདོན་ཞེས་པ་བཏོན་པའམ་ཐོན་པ་སྟེ་ཡིག་གཟུགས་དེའི་ཁྱད་ཆོས་ཀྱི་ཟུར་ཉམས་ཐོན་པ་ལ་ཟེར།དཔེར་ན།ཡིག་མགོའི་ཁྱད་ཆོས་གཙོ་བོ་དྲང་བ་ཡིན་པས་དྲང་མགོ་ལ་འདོན།ཞེས་བྱུང་བ་རེད།མཁྲང་ནི་ཕྲ་བ་མ་ཡིན་པར་ཅུང་ཟད་རྒྱས་པའི་དོན་ཡིན་པས་མཁྲང་གི་ཁྱད་ཆོས་དཔུང་བ་ལ་འདོན་དགོས།དེ་བཞིན་སྒྲོས་དང་བཤན།སྤྱང་།ཧྲོམ།ཧུར།གཡེར།ཡང་།གྲུང་།འཛུམ།མཉེན།འཁྱུག་རྣམས་སྤོ་དང་།ཡར་འཕུལ།ཁོག་པ།སྣག་སྣ།མིག་འགྲིལ།ཡ་བཏགས།ཟགས་མཆུ།དཀར་ནག་སྣ།བསྣོལ་མཚམས།ཡན་ལག་བཅས་ལ་གོ་རིམ་བཞིན་དུ་འདོན་དགོས།འདིའི་ཡན་ལག་ཅེས་པ་སྟེང་འོག་གི་ཡན་ལག་སྟེ་དབྱངས་འདོགས་གཉིས་ལ་གོའོ།།   

   མ་ཆོས་དང་བུ་ཆོས་ཞེས་པ་གསལ་བྱེད་ལ་མ་དང་དབྱངས་ལ་བུའི་ཐ་སྙད་བཏགས་པ་སྟེ།གསལ་བྱེད་ནི་དབྱངས་འདོགས་ཀྱི་གཞི་ཡིན་པས་མ་དང་།དབྱངས་བཞི་ནི་གསལ་བྱེད་གང་ལ་སྦྱར་བ་ངེས་མེད་ཀྱི་ཡན་ལག་ཡིན་པས་བུ་ཞེས་བྱ།   རྔོག་ལོའི་དག་ཡིག་ཟ་མ་ཏོག་ཏུ་བུ་ཡི་ཡི་གེ་དྲུག་ཅེས་དབྱངས་འདོགས་ལ་བུ་ཡིག་ཅེས་པའི་གསུངས་སྲོལ་འདི་གནའ་སྔ་མོའི་དུས་ནས་ཡོད།   མ་ཆོས་ནི་གསལ་བྱེད་ཡི་གེའི་རྩ་བའམ་གཞི་བདུན་ཏེ།མགོ་དང་སྤོ།དཔུང་བ།ཟགས་མཆུ།ཡར་འཕུར།མིག་འགྲིལ།རྐང་བ་སྟེ་བདུན་ལ་རབ་འབྲིང་ཐ་གསུམ་ཕྱེ་བས་ཉེར་གཅིག་ཡིན་ཞིང་།རབ་འབྲིང་ཐ་གསུམ་ཀྱང་སྤྱིར་ཡིག་གཟུགས་གཅིག་ལ་ངེས་པར་ཚང་དགོས་པ་མ་ཡིན་ཏེ།དཔེར་ན་མིག་འགྲིལ་རབ་གཅིག་ལ་ཉ་མིག་མ་དང་ནས་འདྲ་མ་དང་ཟུར་གསུམ་ཁྲོ་མིག་མ་གསུམ་ག་ཚང་ཐབས་བྲལ་བ་རེད།   སེངྒེ་གནམ་འཕྱོང་དང་མུ་ཏིག་བསྟར་བརྒྱུས།ཕྱིང་དཀར་ནས་སྒྲིག་གསུམ་པོ་ཡང་འབྲི་ཚུལ་ཆེ་འབྲིང་ཆུང་གསུམ་ཡིན་པར་གསུངས་ཏེ།དེ་ཉིད་ལས།འཇོག་གྲུ་བཞི་སེངྒེ་དཀར་མོ་དགུང་ལ་འཕྱོང་བ་འདྲ་བའི་ཆེན་པོའི་ཡི་གེ་ལེགས་པ་དང་།མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ་འབྲིང་བའི་ཡི་གེ་ལེགས་པ་དང་།ཕྱིང་བུ་དཀར་བོའི་སྟེང་དུ་ནས་སྔོན་པོ་བསྒྲིགས་པ་འདྲ་བ་ཆུང་ངུའི་ཡི་གེ་ལེགས་པ་དང་།ཞེས་གསུངས་ཡོད།

གཉིས་པ།   ཁྱུང་བྲིས་ལས་གྱེས་པའི་ཡིག་གཟུགས་ཁག

                                                                                                     

   ཁྱུང་བྲིས་ནི་དེང་དུས་དབུ་ཅན་ཡིག་གཟུགས་སྤྱིའི་མགོ་ཁུངས་ལྟ་བུར་གྱུར་ཡོད་ཅིང་།དེ་ལ་ལོ་རྒྱུས་འཕེལ་རིམ་ཁྲོད་རིམ་གྱིས་ཡུལ་ཕྱོགས་སམ་ཡིག་མཁན་སོ་སོའི་ཁྱད་ཆོས་ཀྱིས་ལུགས་ཧ་ཅང་མང་བོ་གྱེས་ཡོད་ཅིང་།ཤེས་བྱ་ཀུན་ཁྱབ་ཏུ།གཟབ་ལ་སྣ་མ་གསར་ལེབ་རིམ་པར་དགུ།གཡུ་ཁྲིའི་རྗེས་འབྲང་སྦལ་ལུགས་མང་ལུགས་གཉིས།།ཞེས་སྔ་དར་སྐབས་ཀྱི་ཡིག་སྣ་བརྒྱད་དང་ཕྱི་དར་གྱི་ཐོག་མར་ཡིག་མཁན་སྒྲོ་ཉ་ཤ་རི་དང་མཐོང་བ་རྡོ་རྗེ་སློབ་དཔོན་གྱི་གསར་ལེབ་ཅེས་པའི་ཡིག་སྣ་དགུ་ལ་སྣ་མ་ཞེས་བྱ་བར་བཻ་སེར་ལས་གསུངས་ཤིང་།སྣ་མ་ནི་སྣ་ཚོགས་ཞེས་པའི་གོ་དོན་དུ་འདུག།བར་གསར་ཡི་གེ་གསར་ལེབ་གྲུ་བཞི་ནི་གང་འདྲ་ཡིན་པའི་ངོས་འཛིན་གསལ་བར་མ་བྱུང་མོད།བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ལས།ཡི་གེའི་ཚོགས་རྣམས་ལེབ་པ་དང་།།མིག་རྣམས་ཐམས་ཅད་ལེབ་པ་དང་།།རྐང་བ་ཐམས་ཅད་ཕྲ་བ་ནི།།དེ་གསུམ་ཡི་གེའི་སྤང་བྱ་ཡིན།།ཞེས་སྤང་བྱར་གསུངས་པའི་ཡིག་གཟུགས་ཏེ།   ཡི་གེའི་ཚོགས་པ་དང་མིག་འགྲིལ་ཐམས་ཅད་ལེབ་འབྲི་བྱེད་པའི་བྲི་རྒྱུན་ནི་གསར་ལེབ་ཡི་གེ་ཨེ་ཡིན་སྙམ།   ཁྱུང་བོ་གཡུ་ཁྲིས་གང་ལ་དཔེ་བྱས་ཏེ་བཟོས་ཚུལ་གོང་དུ་ཞུས་ཟིན་ལ།དེ་ལས་གྱེས་པ་ལ་སྦལ་ལུགས་དང་མང་ལུགས་གཉིས་ཡོད་པར་ཤེས་བྱ་ཀུན་ཁྱབ་ཏུ་གསུངས།   གཞན་རྩགས་ལུགས་དང་བྲག་ཡིག།སྙེ་བྲིས།ཨེ་བྲིས།ཁམས་བྲིས།སྡེ་བྲིས།སྒར་བྲིས།རེབ་བྲིས།འདི་ཉེ་ཆར་རེབ་གོང་ཕྱོགས་ཀྱི་བྲིས་གྲོགས་འགས་ཐ་སྙད་དེ་འདྲ་བཏགས་པ་ལྟར་བྲིས།གཙང་བྲིས།སྨོན་བྲིས།(ཐ་སྙད་འདི་མཁས་དབང་དྲུང་ཡིག་སྨོན་ལམ་ཚང་གི་ཁྱུང་བྲིས་ལ་བརྗོད་བདེ་ཕྱིར་བཏགས།)སོགས་ཧ་ཅང་མང་ཞིང་།དེ་རྣམས་ཀྱང་ཁྱུང་བྲིས་ལུགས་ཀྱི་ཆ་ཚད་དང་ཡིག་གཟུགས་སྤྱིའི་ཁྱད་ཆོས་བཟུང་བའི་ཐོག་དམིགས་བསལ་གྱི་ཁྱད་ཆོས་ཀྱང་ཁ་ཤས་ཡོད་པ་སོ་སོའི་ལག་ལེན་གྱི་སྟེང་ནས་ཤེས་ནུས་ལ།ཡང་རྩ་བ་ཁྱུང་བྲིས་ལ་ཆ་ཚད་སོགས་ཅུང་ཟད་མི་ལྡན་པའི་དབུ་ཅན་ཡང་ཁ་ཤས་ཡོད་མོད་དེ་དག་གི་གཞི་རྩ་ནི་ཁྱུང་བྲིས་རང་ཡིན་པས་མདོར་ན་དེང་དུས་བོད་ཡིག་དབུ་ཅན་ཡིན་ན་ཁྱུང་བྲིས་ཡིན་པས་ཁྱབ་ཅེས་བརྗོད་ཀྱང་མི་རུང་བ་མེད།

   གོང་གི་དེ་དག་ལས་སྦལ་ལུགས་ནི་དེང་སང་ཉམས་ཞིབ་པ་མང་བོས་ངོས་འཛིན་གསལ་བོར་བཤད་དཀའ་ཟེར་མོད།དེ་ནི་ཡི་གེའི་བསྟན་བཅོས་འཕྲུལ་སྒྲོན་གྱི་མཇུག་ཏུ།འགྲོ་བའི་དོན་མཛད་ཡི་གེའི་གནས་ལུགས་ལ།།མཁས་སོ་ཟེར་བ་མང་པོ་ཡོད་ན་ཡང་།།ཉི་ཟླའི་འོག་ན་ཁྱུང་བོ་གཡུ་ཁྲི་མཁས།།འཛམ་བུའི་གླིང་འདིར་སྤྲུལ་སྐུ་གཞན་དོན་མཁས།། དབུས་གཙང་རུ་བཞིར་སྦལ་གྱི་ཤག་འབུམ་མཁས།།ཞེས་པའི་སྦལ་གྱི་ཤག་འབུམ་ཞེས་པ་དེ་ཡིན་སྙམ་སྟེ།དེའི་རུས་སམ་ཡུལ་མིང་གི་ཆ་ཤས་ལྟ་བུ་སྦལ་དང་།མཚན་དངོས་ལ་ཤག་འབུམ་ཞེས་བསྡུས་མིང་གི་བཟོ་ལྟ་བུ་ཡོད་ཅིང་།འདི་ཡིག་གཟུགས་ལ་མཁས་པ་ཡིན་ཚུལ་གོང་གི་གསུང་དེ་ལས་ཁྱུང་བོ་གཡུ་ཁྲི་ནི་ཉི་ཟླས་གར་ཁྱབ་ཀྱི་འོག་ཏུ་འགྲན་ཟླ་དང་བྲལ་བ་ཡིན་པར་བརྗོད་ནས།སྦལ་གྱི་ཤག་འབུམ་ནི་ཉི་ཟླས་གར་ཁྱབ་ཀྱི་མཁས་པ་མིན་ཡང་དབུས་གཙང་རུ་བཞི་ན་ཡིག་གཟུགས་ལ་མཁས་ཐག་ཆོད་པ་ཡིན་ཞེས་གསལ་བར་བསྟན་ཡོད།འདིས་སྦལ་ལུགས་ཀྱི་ཁྱུང་བྲིས་འབྲི་རྒྱུན་དེ་དར་ཁྱབ་འགྲོ་ས་གཙོ་བོ་དབུས་གཙང་གཉིས་ཡིན་པའང་བསྟན་འདུག།མང་ལུགས་ནི་མལ་ལུགས་ཞེས་པ་དང་འདྲ་སྟེ་དེ་ནི་འཕན་པོའི་ཡུལ་དུ་དར་ཁྱབ་ཆེ་ཞིང་། འཇམ་དབྱངས་ཡང་སྤྲུལ་མཁས་པ་མལ་གྱིས་བྲིས།།ཞེས་རྒྱ་མ་ཁྲི་སྒང་གི་ཤེར་ཕྱིན་གསེར་བྲིས་ཀྱི་དབུ་ཕྱོགས་སུ་མིང་དེ་ལྟར་འཁོད་འདུག་པར་བོད་ཡིག་གནའ་དཔེའི་རྣམ་བཤད་ལས་བཤད་འདུག་ཅིང་། དེ་བཞིན་འཕན་པོ་ནས་ལྷ་ལྡིངས། འོན་ཀེ་རུ། རྒྱ་མའི་ཕྱོགས། གཡོར་བོའི་ཕྱོགས། ཀོང་པོ།འོལ་ཁ། འོན་མོ་ལུང་རིངས་སོགས་ལྷོ་ཁ་དང་ལྷ་སའི་ཉེ་འཁོར་འདི་ཁྱུང་བྲིས་ཀྱི་ཕ་ས་ལྟ་བུ་ཡིན།ཡང་ཕལ་ཆེར་དུས་རབས་བཅུ་གཉིས་པའི་ནང་གི་ཡིག་རྙིང་བརྒྱད་སྟོང་བ་ཞིག་གི་མཛད་བྱང་དུ།ཀྱེ་ཁྱབ་འཇུག་ལྷ་ཡི་རིགས།། མལ་རྩགས་གཉིས་པོ་ལགས།།འཕྲུལ་ཡིག་ངོ་མཚར་ཆེ།།ཞེས་གསུངས་འདུག་ཅིང་།དེས་ནི་ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད།ཅེས་ཁྱབ་འཇུག་ནི་ཡི་གེའི་བྱེད་པོར་རིག་བྱེད་ལ་གྲགས་པ་བཞིན་འདིར་ཡང་ཆེ་བརྗོད་ལྟ་བུར་ཡིག་མཁན་རྩེ་གྲས་ལ་ཁྱབ་འཇུག་ལྷ་རིགས་སུ་བརྗོད་ཡོད་པས།མལ་རྩགས་གཉིས་པོ་དེ་ཡིག་མཁན་ཕུལ་དུ་ཕྱིན་པ་གཉིས་ཡིན་པར་བསྟན་འདུག།གཞན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་སྨད་ཆའི་ལེ་ཚན་ཉིས་བརྒྱ་དང་གཉིས་པར།ཁྱུང་བྲིས་ལ་སྔ་དར་དང་ཕྱི་དར།རྡོ་དུས་ཞེས་དུས་རབས་གསུམ་གྱི་ཡིག་གཟུགས་འགྱུར་ཁྱད་མི་འདྲ་བ་ཡོད་པར་གསུངས་ཡོད་དེ།དེ་ཉིད་ལས།ཁྱུང་བོ་སྔ་ཕྱི་རྡོ་དུས་གསུམ་གྱི་བཞེད་པ་ཅུང་ཟད་མི་འདྲ་བར་ཡོད་པ།ཟླུམ་འཇམ་འགྲིལ་ལ་མ་འཇུར་ཟ་ཟི་མེད་པ་སྔ་རབས་དང་།སྲབ་འཇམ་ཟླུམ་ལ་སྒྲོས་ཆགས་པ་སྣག་ལམ་དག་པ་རྒྱུ་བཞི་ཚང་བ་རྡོ་དུས།སྣག་ལམ་ཟླུམ་གཙང་རྩེ་བཅད་འཕྲོ་མི་བཞག་བྱི་གཞུག་དྲིལ་བ་འདྲ་བ་ཕྱི་དར་གྱི་བཞེད་པར་སྣང་ངོ་།།ཞེས་སྔ་དར་ལ་ཡི་གེ་འཇམ་ཟླུམ་འགྲིལ་བ་གཙོ་བོར་བྱས་པས་ཡི་གེ་སྙོམས་པའི་ཁྱད་ཆོས་གཙོ་བོར་བཟུང་ལ།   རྡོ་དུས་ལ་སྲབ་འཇམ་ཟླུམ་ལ་སྒྲོས་ཆགས་པ་སྣག་ལམ་དག་པས་ཡི་གེའི་མཛེས་ཆ་གཙོ་བོར་བཟུང་།ཕྱི་དར་སྐབས་སྣག་ལམ་ཟླུམ་པ་གཞིར་བྱས་ཀྱིས་གཙང་ཞིང་འདལ་འདྲེས་མེད་པ།རྩེ་མོ་བཅད་པའི་འཕྲོ་མི་འཇོག་པ་ཙི་གུའི་མཇུག་མ་དྲིལ་བ་འདྲ་བའི་འབྲི་རྒྱུན་འདིས་ཡི་གེ་སྙོམས་པ་མཛེས་པ་གཙང་བ་གསུམ་ག་གཙོ་བོར་བཟུང་འདུག་ཅིང་།དེ་དག་སྔ་མ་ལས་ཕྱི་མ་ཞིབ་ཕྲའི་འཕེལ་རྒྱས་སུ་སོང་བས་ཁྱུང་བྲིས་ལ་ལག་ལེན་ཐོག་ཇེ་ཞིབ་ཏུ་སོང་བའི་བཟོ་ལྟ་མངོན་ཡོད།དེང་སང་ཞིབ་འཇུག་པ་ལ་ལས་དབུ་ཅན་ཡིག་གཟུགས་དེ་དབུ་མེད་ཡིག་གཟུགས་ལྟ་བུའི་གཟུགས་འགྱུར་ཆེ་བ་མ་བྱུང་བར་འདོད་མོད།སྔ་དར་སྐབས་རྡོ་རིང་སོ་སོ་དང་།དྲིལ་བུའི་ཁ་བྱང་།ཁྲམ་བྱང་ཁག་དང་ཏུན་ཧོང་གི་བྲིས་གཟུགས་སྣ་ཚོགས་ལ་ཉམས་ཆེ་བ།ཕྱི་དར་སྐབས་ཡུལ་གྲུ་སོ་སོའི་ལག་ལེན་ཕྲན་བུ་མི་འདྲ་བ་ནས་དབུ་ཅན་ཡིག་གཟུགས་ཀྱང་དབུ་མེད་ལྟར་གྲངས་མང་ཞིང་སྤུས་ལེགས་པ།ཉམས་ཆེ་བའི་ཡིག་གཟུགས་སུ་འགྱུར་བ་མང་བོ་བྱུང་ཡོད།


རྩོམ་འདིའི་དཔྱད་གཞིའི་ཡིག་ཆ།

ཡི་གེའི་སྟོང་ཐུན་ལས་ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ། ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

ཡི་གེའི་སྟོང་ཐུན་ལས་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ། ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

ཡི་གེའི་སྟོང་ཐུན་ལས་ཡི་གེའི་བསྟན་བཅོས་གསལ་བའི་སྒྲོན་མེ།ཁྱུང་བོ་གཡུ་ཁྲིས་མཛད་པར་གྲགས།

བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ། མཇུག་བྱང་དུ་འཕགས་པ་འཇམ་དཔལ་གྱིས་མཛད་པ་རྫོགས་སོ།།ཞེས་ཡོད།

བེེ་ཌཱུརྱ་དཀར་བོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད།》(སྨད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༢༠

ཆ་ཚད་ཀྱི་བྲིས་དཔེ་དཔྱོད་ལྡན་ཡིད་གསོས། བྲིས་མ།

ཤེས་བྱ་ཀུན་ཁྱབ།》ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།

བོད་ཡིག་གི་རྣམ་དཔྱད།པདྨ་བཀྲ་ཤིས་ཀྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༡༣

བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར། དྲུང་ཡིག་སྨོན་ལམ་རྒྱ་མཚོས་མཛད།སི་ཁྲོན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས།༡༩༩༧

༡༠རྒྱ་བོད་ཆོས་འབྱུང་རྒྱས་པ།ལྡེའུ་ཇོ་འབུམ་གྱིས་མཛད།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༡༩༨༧

༡༡བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་།བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཏབས།མི་རིགས་དཔེ་སྐྲུན་ཁང་།༡༩༨༤

༡༢བསྟན་རྩིས་གསལ་བའི་ཉིན་བྱེད།མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༨༨

༡༣སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།ནེའུ་པཎྚི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༡༩༩༠

༡༤དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༡༩༨༦

༡༥རྭ་ལོ་ཙཱ་བའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ།རྭ་ཡེ་ཤེས་སེངྒེས་མཛད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༤