ཡིག་མཁན་ཆུང་ཆུང་སློབ་མ་བསོད་ནམས་ཆོས་འཕེལ་གྱི་ཡིག་གཟུགས་ཆེད་སྒྲིག
ཡིག་མཁན་ཆུང་ཆུང་བསོད་ནམས་ཆོས་འཕེལ་གྱི་མཚམས་སྦྱོར་མདོར་བསྡུས། བསོད་ནམས་ཆོས་འཕེལ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་འཕེལ་པ་གྲོང་ཚོའི་ཕ་དཀོན་མཆོག་བསྟན་རྒྱས་དང་། མ་ཕུན་ཚོགས་སྒྲོལ་མ་གཉིས་ཀྱི་ཕྲུ་གུར་སྤྱི་ལོ་༢༠༡༢ལོའི་ཟླ་བ་ ༡ པོའི་ཚེས་ ༨ ཉིན་སྐྱེས། དེ་ནས་སློབ་ལོ་ལོན་ནས་སྤྱི་ལོ་༢༠༡༨ལོའི་ཟླ་བ་ ༩ པར་རྫོང་བྱིས་པ་ཁང་དང་པོའི་འཛིན་གྲྭ་ཆེ་བའི་ནང་སློབ་ཞུགས་བྱས། སྤྱི་ལོ་༢༠༡༩ལོའི་ཟླ་བ་ ༩ པའི་ནང་འབྲི་རུ་རྫོང་སློབ་ཆུང་དང་པོའི་ནང་གི་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་ནང་སློབ་ཞུགས་བྱས་ནས་ད་ལྟ་ལོ་རིམ་ལྔ་པར་སླེབས་ཡོད། དེའང་སློབ་ཞོར་དུ་སློབ་གྲྭས་བཀོད་སྒྲིག་བཞིན་འབྲི་རུ་རྫོང་སློབ་ཆུང་དང་པོའི་ཡིག་གཟུགས་སྦྱོང་བརྡར་གླིང་བཙུགས་ནས་དགེ་རྒན་བསླབ་གསུམ་ལགས་ཀྱི་སྐུ་མདུན་དུ་བཅར་ནས་ཡིག་གཟུགས་ཀྱི་དགེ་རྒན་དུ་བསྟེན། ཡིག་གཟུགས་སྦྱོང་རིམ་གྱི་ཁྲོད་དུ་ཐོབ་པའི་སྦྱངས་འབྲས་ནི། སྤྱི་ལོ་༢༠༡༨ལོའི་ཟླ་བ་ ༡༢ ཚེས་ ༡༨ ལ་ ༼ཡིག་གཟུགས་ཡག་པོ་འདུག་པས་རྗེས་སུ་ཤུགས་རྒྱོབས།༽ ཞེས་པའི་སྐུལ་ལྕག་གི་བྱ་དགའ་ཐོབ། དེ་ནས་སྤྱི་ལོ་༢༠༡༩ལོའི་ཟླ་བ་ ༣ པའི་ཚེས་ ༧ དང་། ལོ་དེའི་ཟླ་བ་ ༥ པའི་ཚེས་ ༨ ཉིན་ལ་ཁག་སོ་སོར་༼ཡིག་མཁན་ཆུང་ཆུང་།༽ ཞེས་པའི་མཚན་སྙན་ཐོབ། སྤྱི་ལོ་༢༠༡༩ལོའི་ཟླ་བ་ ༡༠ པའི་ཚེས་ ༡ ཉིན་ཡིག་གཟུགས་འགྲན་ཞུགས་ནང་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ་༢༠༢༠ལོའི་ཟླ་བ་ ༡༡ ཚེས་ ༣ ཉིན། ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ་༢༠༢༡ལོའི་ཟླ་བ་ ༣ པའི་ཚེས་༢༢ ཉིན་༼ཁྱིམ་སྦྱོང་ཡིག་གཟུགས་ཕུལ་བྱུང་།༽ ཞེས་པའི་བྱ་དགའ་ཐོབ། སྤྱི་ལོ་༢༠༢༡ལོའི་ཟླ་བ་ ༥ པའི་ཚེས་ ༤ ཉིན། རྫོང་གི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ། སྤྱི་ལོ་༢༠༢༡ལོའི་ཟླ་བ་ ༥ པའི་ཚེས་ ༡༡ ཉིན། དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཨང་དང་པོ་བཅས་ཐོབ་ཡོད། ༢༠༢༢ལོར་བྱང་ཆུབ་སློབ་གསོས་གཙོ་གཉེར་གནང་བའི་ལྗོངས་ཡོངས་ཀྱི་སློབ་མའི་ཡིག་གཟུགས་འགྲན་བསྡུར་སྐབས་ཨང་དང་པོའི་བྱ་དགའ་དང་འབྲི་རུ་རྫོང་ཡོངས་ཀྱི་དགེ་སློབ་ཡིག་གཟུགས་འགྲན་བསྡུར་ཐོག་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བས་མཁས་དབང་རྣམས་ཀྱིས་༢༠༢༢ ལོའི་ལོ་ན་ཆུང་ཤོས་ཀྱི་ཡིག་མཁས་ལ་བདམ་ཐོན་བྱུང་།
སྤྱིར་ཡིག་གཟུགས་བྲི་རྒྱུ་ནི། ང་རང་གི་དགའ་ཕྱོགས་ཡིན་པས། ད་ལྟ་ལའང་ཤུགས་རྒྱག་དང་རྒྱག་བཞིན་པ་མ་ཟད། མ་འོང་པ་ན། རང་ཉིད་ཀྱིས་མུ་མཐུད་ཡིག་གཟུགས་བྲི་རྒྱུ་ལ། འབད་བརྩོན་ཆེ་བསྐྱེད་དང་། ཡིག་གཟུགས་ཀྱི་འགྲན་སྡུར་དང་བྱེད་སྒོ་ཁག་ལ་ཧུར་བརྩོན་ཆེན་པོས་ཞུགས་ཏེ། དགེ་རྒན་དང་ཕ་མའི་རེ་བ་ཆུད་ཟོས་སུ་མ་སོང་བ་བྱས་ནས། རང་རེའི་སྐད་ཡིག་གི་ཡིག་གཟུགས་ཐད་སྔར་ལས་ལྷག་པའི་གྲུབ་འབྲས་བཟང་པོ་ཐོབ་པར་བྱ་རྒྱུ་དེ་ངའི་དམ་བཅའ་གཅིག་པུ་དེ་ཡིན་ནོ།
ཆེད་སྒྲིག་སྔོན་མར་གཟིགས་འདོད་ན་འདི་མནོན།
|