སེར་ཤུལ་འཇམ་ཚེ།
སེར་ཤུལ་འཇམ་ཚེའམ་ངག་དབང་བསྟན་འཛིན་ཁོང་ནི་སྤྱི་ལོ་༡༩༩༠ ལོར་སེར་ཤུལ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་སློབ་ཆུང་དང་སློབ་འབྲིང་འགྲིམས། དེ་ནས་སེར་ཤུལ་དགོན་དུ་ཆོས་ཞུགས་མཛད། སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡ་གྱལ་རིག་པའི་དགའ་ཚལ་གྱི་ནང་དུ་དགེ་རྒན་བསྟན་པའི་རྒྱལ་མཚན་སོགས་བསྟེན་ཏེ་བརྡ་སྤྲོད་དང་སྙན་ངག །ཡིག་གཟུགས་སུག་རིང་། སུག་ཐུང་། ཚུགས་མ་འཁྱུག འཁྱུག་ཡིག འབྲུ་ཚ། དབུ་ཅན་རིགས་གསུམ། ལཉྪ། ཝརྟུ་སོགས་ཡིག་གཟུགས་བཅུ་ལྷག་སྦྱངས་པ་མཐར་ཕྱིན་ཏེ་རིག་པའི་དགའ་ཚལ་དེ་ནས་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་པོའི་དང་པོའི་བྱ་དགའ་ཐོབ། ༢༠༡༧ ལོར་ལྷ་རམས་པ་བཀྲ་ཤིས་བསོད་ནམས་སོགས་བླ་གྲྭ་དུ་མ་གདན་ཞུས་ཐོག་ཡིག་གཟུགས་འགྲེམ་སྟོན་ཚོགས། ༢༠༡༨ ལོར་སེར་ཤུལ་རྫོང་དུ་རྫ་ཆུའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོའི་དང་པོའི་བྱ་དགའ་ཐོབ། ༢༠༡༩ དཀར་མཛེས་ཁུལ་ཡིག་གཟུགས་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ༢༠༢༠ ལོ་ནས་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་གྲྭ་ཆུང་གཞོན་སྐྱེས་རྣམས་དང་། ལམ་རིམ་འཛིན་གྲྭ་སོགས་ལ་ཡིག་གཟུགས་ཁྲིད་དེ། ཡིག་གཟུགས་ཀྱི་སྤུས་ཚད་མཐོར་འདེགས་ཚད་མེད་གནང་། མ་ཟད་ལོ་དེར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་བསུ་བའི་ཡིག་བཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ། ༢༠༢༢ལོའི་ཀརྨ་པའི་འཁྲུངས་སྐར་སྐབས་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་མཁན་སུམ་བརྒྱ་ལྷག་གི་དབུས་ནས་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༢༣ལོའི་དགུན་གནང་སྐབས་འདན་ཉིན་རྫོང་དགོན་དུ་ཕེབས་ནས་ཡིག་གཟུགས་སློབ་ཁྲིད་བྱས་ཤིང་། ཁོང་གིས་དབུ་ཁྲིད་འོག་སློབ་མ་ཚོས་ཡིག་གཟུགས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ་ནས་དགའ་མགུ་ཆེན་པོ་ཐོབ། ད་ལྟ་ཡང་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་དུ་ནང་དོན་རིག་པ་ལ་སྦྱོང་ཞོར་དུ། སེར་ཤུལ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣའི་ཕྱག་ལས་དང་། ཡིག་གཟུགས་སློབ་ཁྲིད་ཀྱི་ཕྱག་ལས། བོད་པའི་སྲོལ་རྒྱུན་ལྟར་གྱི་བོད་ཤོག་བཟོ་བའི་ཕྱག་ལས་སོགས་མཛད་ཀྱིན་པ་བཅས་སོ། །
དགེ་བཤེས་ངག་དབང་ཡེ་ཤེས་ཀྱིས།
|