རྨ་ཆུ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱིས་ལོ་སར་ཤིས་ཚིག་བྲི་བའི་བྱེད་སྒོ་སྤེལ་བ།
༢༠༢༣ལོའི་ལོ་སར་ལ་ཉེ་བའི་སྐབས་འདིར་རྨ་ཆུ་རྫོང་ཡིག་མཁན་མཐུན་ཚོགས་ཀྱིས་ཟླ་༡ཚེས་༡༥ཉིན་གེ་སེར་རིག་གནས་འདུ་ཐང་དུ་ལོ་སར་ཤིས་ཚིག་གནང་སྦྱིན་བྱེད་པ་དང་། བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པའི་བྱེད་སྒོ་སྤེལ།
བྱེད་སྒོའི་ཁྲོད་རྨ་ཆུའི་བྲིས་པ་ཚོས་མང་ཚོགས་ཀྱི་དགོས་མཁོ་ལྟར་ལོ་སར་ཤིས་ཚིག་སོགས་སྣ་མང་ཡིག་གཟུགས་ཀྱི་ལམ་ནས་གསར་རྩོམ་བྱས་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོ་ལྟར་དངོས་བྲིས་བརྩམས་ཆོས༢༠༠ལྷག་གནང་སྦྱིན་བྱས་ཤིང་། བོད་ཀྱི་ཡིག་གཟུགས་རིག་གནས་སྐོར་གྱི་རྒྱུན་ཤེས་དང་ཡིག་ཆས། འབྲི་ལུགས། སྤྱོད་སྒོ་དང་བདག་སྐྱོང་བྱེད་སྟངས་སོགས་རྒྱ་ཆེའི་མང་ཚོགས་ལ་གང་མཚམས་འོས་སྦྱོར་བྱས།
ཉིན་འདིར་ཡིག་མཁན་ཚོས་རང་རང་གི་སྨྱུག་རྩལ་ལས་ཐོན་པའི་བརྩམས་ཆོས་རེ་རེ་མི་རིགས་རིག་གནས་ལ་དགའ་ཞེན་ཡོད་པ་དང་རྒྱུན་འཛིན་དར་སྤེལ་གྱི་རེ་བ་ཆེ་བའི་སྐུ་མགྲོན་གང་མང་གི་ལག་ལ་བཞག་ནས། ཀྲུང་ཧྭའི་སྔོན་ཐོན་རིག་གནས་ཁྲོད་ཀྱི་འོད་དུ་འཚེར་བའི་ཡིག་གཟུགས་རིག་གནས་འདི་རྒྱུན་འཛིན་དར་སྤེལ་གཏོང་བ་མ་ཟད། ལོ་གསར་བའི་ནང་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྨོན་འདུན་དང་སྤྱི་ཚོགས་འཆམ་མཐུན་དར་རྒྱས་ལ་སྙེགས་པའི་རེ་བ་དང་ཡིད་ཆེས་མང་ཚོགས་ཀྱི་ཕྱག་ལ་སྤྲད།
|