设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

རྩེ་སློབ་གྲྭའི་ལོ་རྒྱུས་མདོས་བསྡུས་བཞུགས་སོ། །

 二维码 5019
发表时间:2022-05-01 02:00作者:སྤེན་ནོར།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

༄། །རྩེ་སློབ་གྲྭའི་ལོ་རྒྱུས་མདོས་བསྡུས་བཞུགས་སོ། །

༼བོད་ཀྱི་ཡིག་གཟུཌ་དུས་ཆེན་ལ་རྟེན་འབྲེལ་ཞུ།༽


བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཉེར་བརྒྱད་པ།


微信图片_20190426145513.jpg


        རྩེ་སློབ་གྲྭ་ནི་ཤིང་ཁྱི་ལོར་རྒྱལ་དབང་བདུན་པས་(ལྷ་དབང་ལྕོག་ཏུ་ཡིན་ནམ་དཔྱད། དེར་སྔར་རྒྱལ་དབང་ལྔ་པས་ལྷ་དབང་ལྕོག་གི་གསོ་རིག་སློབ་གྲྭ་བཙུགས་ཀྱང་རྗེས་སུ་ཐོར་)སློབ་ཁང་གསར་འཛུགས་མཛད་པ་ལས་རིམ་གྱིས་དར་ཞིང་། དེ་རྗེས་ས་སྤྲེལ་སྣྲོན་ཟླའི་གྲལ་ཚེས་དགེ་བར་སློབ་ཁང་ཡང་རྩེ་ཕོ་བྲང་ཆེན་པོའི་ལེ་ལག་ཤར་ཆེན་ལྕོག་ཏུ་སྤོ་བཤུག་གིས་གཏན་འཛུགས་མཛད། ཤིང་སྟག་ལོར་སྒྲིག་ལམ་གྱི་རིམ་པ་ཞིབ་འཁོད་ཀྱི་བཅའ་ཡིག་ཀྱང་མཛད་ཅིང་ཉམས་ལེན་དུ་བསྟར་མུས་ཀྱང་། རབ་བྱུང་༡༥ཆུ་ཕག་ལོར་མེ་སྐྱོན་ཆེ་ཙམ་བྱུང་སྟབས་སྐུ་གསུང་ཐུགས་རྟེན་མི་ཉུང་བ་དང་། བཅའ་ཡིག་དང་། ཚད་ལྡན་བྱང་ཤིང་སོགས་ཡིག་ཆས་མང་པོ་ཞིག་འཚིག་ནས་མེད་པར་གྱུར། དེ་ནས་སླར་སྐུ་༡༣ཆེན་མོས་བཅའ་ཡིག་དལ་འགྲོའི་རྒྱུན་བཟང་མཛད་ལ། རྟེན་དང་བརྟེན་པར་མ་ཟད་ཡིག་ཆས་སོགས་ཀྱང་ཐུགས་ཁུར་ཟབ་བཞེས་ཀྱིས་གསར་བཞེངས་ཁ་སྣོན་བྱུང་། རྩེ་སློབ་གྲྭར་གཞུག་བྱ་སློབ་ཕྲུག་ཡོངས་ཁུངས་ནི། གཞུང་གི་རྩེ་ཤོད་དྲུང་འཁོར་གཙོས། ཕྱོགས་མཐའི་རྒྱལ་ཕྲན་དང་། བླ་དཔོན་ཆེ་ཁག་གི་གཡོག་རིགས་ཡིན། ཞུགས་དུས་གསར་ཞུགས་སམ་སྡེབས་མཇལ་གང་རུང་ལ། འཆར་ཅན་ཇ་ཐུག་གསུམ། ཇ་རྩམ་དང་བཅས་པ། འབྲས་སིལ། ཤ་འབྲས། གྲོ་མ། དགུང་ཚིགས་འབྱོར་འཁོས་དང་བསྟུན་པའི་སྤྲོས་རྒྱ་མི་ཆེ་བ་གང་རིགས་ཤིག་དང་། སྙན་ཤལ། མཆོད་མེ། སྤོས། སློབ་དཔོན་ལ་ཕྱག་རྟེན་གང་འོས་བཅས་དགོས། བཞུགས་ནས་ཟླ་༡སོང་མཚམས་ནས་ཟླ་རེར་ཇ་ཐུག་ལེགས་པ་ཐེངས་༣ ཡང་ན་དངུལ་ཞོ་དྲག་རེ་གཉེར་པར་རྩིས་སྤྲོད་དགོས། འདོན་བྱ་ལ། ཞོགས་པ་སྔ་པོ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། སྤྱན་འདྲེན་ཁྲུས་གསོལ་རགས་པ། ས་གཞི་སྤོས་བྱུགས་མ། དགའ་ལྷ། གང་བློ་མ། ལེགས་བྱས་མ། ཨ་ར་པ་ཙ་ན། དབྱངས་ཅན་མའི་གཟུངས། དམིགས་བརྩེ་མ་༢༡ སྤྱན་རས་གཟིགས་ཀྱི་བདག་བསྐྱེད། མ་ཎིའི་བཟླས་པ་ཉུང་མཐའ་ཕྲེང་བསྐོར། གདུགས་དཀར་བསྟོད་པ་བཟློས་བཅས། ཞབས་བརྟན་ཚིགས་བཅད་སོགས་སོ། །ཉི་མ་ཤར་ནས་ཐུག་པ་གཏོང་། ཞོགས་འཚོགས་ལ་དགའ་ལྷ་ནས་དབུ་ཚུགས། འབྱོར་ཕྱིས་པ་ལ་དགེ་རྒན་ནམ་མེད་ན་རྒན་བདག་ནས་སྨྱུག་ལྕག་གམ། ཇ་སོགས་གང་འོས་འགེལ། དེ་ནས་ཡིག་འབྲིའི་འོས་འགན་ལ། ཡིག་ཕྲེང་ཁ་གྲངས་མི་འདྲ་བ་ཉུང་བ་ནས་མང་བའི་བར་ཡོད། ཡི་གེ་འབྲི་ཀློག་གི་སྤྱོད་ལམ་ནི། རྒྱུན་པར་དཔེ་ལྟ་འཕྲོ་ཕུད་པའི་དཔེ་ཆ་ཁ་ཕྱེ་ནས་འཇོག་པ་དང་། ཇ་དང་ཆུ་འཕོ་བ། འགོམ་ཡུག བརྫི་བ། གདན་འོག་འཇུག་པ། གདན་ཁའམ་ས་རྗེན་དུ་འཇོག་པ། སོ་དྲེག་བསྐུ་བ་སོགས་རང་གི་ཤེས་རབ་ཉམས་ཅིང་། ཆོས་སྤོང་གི་རྒྱུ་རྣམས་གཏན་ནས་མི་ཆོག ཚ་རྟིང་མ་བཏང་ནས་འཆད་ཉན་གྱི་རིགས་རྣམས་སྐྱོང་། ཉིན་གུང་ཟིན་ནས་གུང་ཇ་བཏང་བས་བྱང་ཤིང་པ་རྣམས་ཡིག་གཟུགས་ལེགས་ཉེས་དང་། ཕྲེང་མང་ཉུང་བརྩིས་རྗེས་རང་ཤག་ཏུ་གུང་ཚིགས་ལ་འགྲོ་དགོས། ཕྱི་དྲོར་འཚོགས་རན་པ་དང་ཡི་གེས་གཙོས་རི་མོ། རྩོམ་པ་སོགས་བསླབ་བྱ་གང་ཡིན་ལ་ཆིག་སྒྲིལ་དུ་འབད། རྡེལ་རྩིས་སོགས་རིག་གནས་ཁ་ཤས་ཞར་བྱུང་ལས་གཙོར་འདོན་མི་དགོས། དགོང་ཇ་སྔོན་མ་བཏང་རྗེས་སྦྱང་ཤོག་གི་ཡི་གེ་རྣམས་ལ་ལྟ་རྟོག་ལེགས་པར་བྱེད། དཔེ་ཆ་འཛིན་མི་རྣམས་གྲལ་མཐར་ཆགས་ཀྱིས་འཁྲིད་ནས་འཛིན། དགོང་ཇ་༢རྗེས་གུང་གསེང་བྱས་ནས་འཚོགས་དུས་འདོན་བྱ་ལ། སྐྱབས་སེམས་བསྡུས་པ། གང་བློ་མ། ཆུ་འཛིན་དཀར་པོ། ཀ་མ་ལ། སྒྲོལ་མ་ཚར་༣-༧ སྒྲོལ་གསོལ། ཤེར་སྙིང་འདོན། ལྷ་མོ་དང་། ཞང་བློན། རྡོ་རྗེ་གྲགས་ལྡན། གཞི་བདག་གཏོར་བསྔོ། དཔལ་ལྷར་ལས་༤འདོད་གསོལ། ཤིས་བརྗོད་བསྔོ་སྨོན་གྱིས་བརྒྱན་པ་སོགས་ཡོན་ཏན་ཐོབ་པའི་གེགས་སེལ་དང་། གཞུང་སའི་དཀོར་སྦྱོང་དུ་བྱེད། འདོན་བྱ་འདོན་པའི་སྤྱོད་ལམ་ནི། འདོན་དབྱངས་རྣམས་སྐྱོར་དཔོན་དང་གཞི་མཚུངས་མགྲིན་མང་དབྱངས་གཅིག གཉིད་དང་མགོ་བཏུམས། གཞོགས་བསྙེས། ཁ་འགྲིལ། བྲང་པུས་སྦྱར་ནས་སྡོད་པ་སོགས་གཏན་མི་ཆོག གཞུང་སྐྱོར་ཚོད་༼རྒྱུཌ་༽གྲུབ་རྗེས། སྒྲ་མདོ། སྙན་འགྲེལ། སྐར་ནག་རྩིས། ཟུར་རྩིས། བདུད་དཔུང་འཁྱེར་ཐག་མ། བསྟོད་སྤྲིན་རྒྱ་མཚོ། འཇམ་དཔལ་མཚན་བརྗོད། ལམ་རིམ་བསྡུས་དོན། ལེགས་བྲིས་མ་སོགས་འདོན། དགོང་མོ་རང་ཤག་ཏུ་སྐྱོར་འདོན་བྱེད། སྐྱོར་གྲྭ་གྲོལ་ནས་མ་མཐའ་ཕྱག་༣ བཙལ་ནས་དམིགས་བརྩེ་མ་དང་། ཨ་ར་པ་ཙ་སོགས་འདོན་ཞིང་རང་གནས་སུ་ཤར་མར་འགྲོ། ཟླ་རྒྱུགས་འཆར་ཅན་དང་། སྐབས་མཚམས་ཡིག་ཚང་ནས་སྡེབས་རྒྱུགས་ལེན། ༡༥གནམ་གང་ལ་གུང་གསང་གཏོང་། ས་ཟླའི་༧ དྲུག་པའི་༤ དགུ་པའི་༢༢ བཅུ་པའི་༢༥ དང་པོའི་༣ མཆོད་མཇལ་ལ་ཚོགས་སྡེབས་དང་། ཟླ་སྡེབས་དང་། ཁ་འཐོར་དུ་འགྲོ། དགུ་གཏོར་ནས་ལོ་གསར་ཚེས་༤ བར། སྨོན་ལམ་གཏོར་རྒྱག བྱམས་པ་གདན་འདྲེན། བརྒྱད་གཏོར་མཇལ་ཁ། ཞོ་སྟོན་ལྟད་མོ། ཆིབས་བསྒྱུར་རྣམས་གུང་གསེང་། དབྱར་མཇལ་ལ་ཡིག་ཚད་ཕུལ་བའི་སྐྱིད་སྐྱིད། ཆབ་ཞུགས། དགུན་སྐྱིད་ཞག་འགའ་བཅས་ཡོད། ཐག་ཉེའི་ཞག་རེ་གཉིས་སློབ་དཔོན་ནམ་དེ་དང་མོལ་ནས་སྟེར། ཞག་༡༠ཕན་ཐག་རིང་དང་། ཟླ་ཞག་གི་དགོངས་ཞུ་སློབ་དཔོན་པས་ཡིག་ཚང་བརྒྱུད་དེ་ཞུ། འཁོར་ཞག་སོགས་ལ་དུས་འགྱངས་མི་ཡོང་བའི་བཀོད་འདོམས་བྱེད། འགྱངས་ཉེ་ན་བསྐྱར་ཞུ་བྱེད། ཡིག་འབྲིའི་ཐོག ལག་གསར་རྣམས་ཡི་གེ་ལེགས་རིགས་ལ་དགེ་རྒན་གྱིས་བཀོད་པ་བཏང་བའི་དྲས་ལེན་འཇུག སློབ་གྲྭར་ཡིག་རྒྱུགས་དང་། ཀློག་ཞན་པར་ཀློག་རྒྱུགས་ལེན། ཡིག་དྲས་རྒྱག་མི་ཡིག་ཚང་ནས་དྲུང་ཡིག་གཏན་འཇགས་བྱུང་ན་རབ། དེ་མིན་རྩེ་དྲུང་ཡི་གེ་ལེགས་པ་ཡིག་ཚང་ནས་བསྐོ་བ་སོགས་རྣམ་པ་ཀུན་ཏུ་ཡིག་གཟུགས་ལ་ཁྱད་ཐོན་ཡོང་བ་བྱེད། ཡིག་གཟུགས་སྦྱོང་བའི་རིམ་པ་ནི། བྱང་ཤིང་ཐོག་ནས་ཀ་ཁ་དང་། ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་རྣམས་སློབ་དཔོན་གྱི་བྲིས་དཔེ་དང་ཁྱད་མེད་མ་ཆགས་བར་སྦྱོང་ལ། སྔ་མ་སྔ་མ་མཐར་མ་ཕྱིན་པར་ཕྱི་མ་ཕྱི་མར་མི་གཞོལ། དེ་དག་སྐྱོན་མེད་བྱང་པ་ཐོན་ན་ཤོག་ཐོག་ལ་འབེབས་ཆོག་པ་ཙམ་ཡིན་ཡང་། ཡིག་ཚུགས་མ་ཐོར་བའི་ཆེད་ཞར་ཞོར་ནམ་ཁོམ་བྱང་ཤིང་བསྟེན་དགོས། རྒྱུན་པའི་སྤྱོད་ལམ་ནི། རྒྱུན་པར་སློབ་དཔོན་ལ་ཧང་རྒྱག ཕྱི་ནང་གང་སར་འཁྲུག་འཛིངས། ལུས་ཆས་ཡ་མ་གཟུགས། བག་མེད་མངོན་མཚན་ཆེ་བ། འགོ་འཛིན་རྣམ་པར་ཁ་ལན་ལག་ལན་སོགས་གཏན་ནས་མི་ཆོག་ཅིང་། བྱུང་ན་མིག་ལྟོས་ལ་ཕན་པའི་ཆད་ལས་ཏེ། ལྕི་བར་གནས་དབྱུངས། དེ་འོག་དཀར་མེ་སྙན་དར། ལུས་སྟེང་ཚ་འཇུན། ཇ་ཐུག བརྒྱ་ཕྱག་སོགས་བབས་མཚུངས་བྱེད་འཇུག སློབ་གྲྭ་ཐོན་ཉེར། སླད་ཆར་སློབ་གྲྭ་ཐོན་ནས་ཀྱང་རང་རང་གི་གནས་སུ་ཡོན་ཏན་གོང་འཕེལ་གྱི་བརྩོན་འགྲུས་ལ་སྦྱར་བ་ལས་ཆུ་ཐོན་ཟམ་པ་ལྟར་ལྟོས་མེད་རྒྱང་བསྐྱུར་དུ་མ་སོང་བ་གལ་ཆེའོ། །ཞེས་ནན་གྱིས་འདོམས་པ་ཡིན་ནོ། །

     ཞེས་པ་འདིའང་བོད་ཀྱི་ཡིག་གཟུཌ་དུས་ཆེན་འཆར་ཉེའི་སྐབས་འདིར་རྒྱལ་དབང་བཅུ་གསུམ་ཆེན་མོའི་བཅའ་ཡིག་གི་དོན་རྩ་དང་། བཤེས་གཉེན་དམ་པ་འཕྲིན་ལས་དཔལ་འབྱོར་ཞབས་ཀྱི་གསུང་རྒྱུན་དང་ལེགས་པར་གཏུཌ་ཏེ་ཡིག་མཁན་གྱི་གྲལ་མཐའ་བ་སྤེན་ནོར་དེས་བཀོད་པ་དགེ་ལེགས་འཕེལ།། །།


མཉམ་སྤྱོད།分享