ཀན་ལྷོའི་གཙོས་དགོན་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཉེར་གསུམ་པ།
རབ་གནས་ཆུ་སྟག་ལོའི་སྤྱི་ཟླ་༤ཚེས་༣༠ཉིན་མདོ་སྨད་གཙོས་དགོན་པའི་གྲྭ་གཞོན་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་ཤིང་། ཐེངས་འདིར་སློབ་མ་རྣམས་ཀྱིས་སུག་རིང་དང་། དབུ་ཅན། འབྲུ་ཚ་གཞུང་བྲིས་དང་གཙང་བྲིས་བྲིས་རྙིང་། ཚུགས་ཐུང་། འབྲུ་ཚ་སྒོང་ཞབས་མ། ས་བྲིས། རྒྱུགས་བྲིས། འཁྱུག་བྲིས། ལཉྫ་བཅས་ཡིག་སྣ་བཅུ་ལྷག་བྲིས་འདུག་ཅིང་། ནང་དོན་གྱི་ཆ་ནས་མཁས་པ་རིམ་བྱོན་གྱི་བསླབ་བྱ་དང་ལེགས་བཤད། བློ་སྦྱོང་ཚིག་བརྒྱད་མ། སྐྱབས་མཆོག་བསེ་ཚང་གི་སྐུ་བསྟོད། ཤེས་བྱའི་མཁའ་དབྱིངས་མ། ལེགས་བཤད་སྙིང་པོའི་མཆོད་བརྗོད། བསྟོད་པ་ཆུ་འཛིན་དཀར་པོ་མ། སྐབས་གསུམ་པ། ཆོས་སྲུང་དུ་མའི་འཕྲིན་བཅོལ། དམིགས་བརྩེ་མ། བདེ་སྨོན། དགེ་ལྡན་བསྟན་འབར་མ། ཡོན་ཏན་གཞིར་གྱུར་མ་སོགས་བསྐྱར་ཟློས་སུ་མ་སོང་བར་ནང་དོན་གདམས་པ་ལེགས་ཤིང་། བྲི་ཚད་ཀྱང་རྒྱ་ཆེ་རུ་སོང་འདུག་སྟེ། འཁྱུག་གི་ལམ་ནས་སྐབས་གསུམ་པ་དང་བདེ་སྨོན་ཡོངས་རྫོགས། དབུ་ཅན་གྱིས་དགེ་ལྡན་བསྟན་འབར་མ་ཡོངས་རྫོགས། འབྲུ་ཚ་གཞུང་བྲིས་དང་ལཉྫའི་ལམ་ནས་ཤེས་བྱའི་མཁའ་དབྱིངས་མ་ཡོངས་རྫོགས་བཅས་བྲིས་ཡོད།
ཕྱི་དྲོར་དགོན་པའི་མཁན་ཁྲི་ལས་ཐོགས་པ་དང་ཚོགས་ཆེན་ཞལ་ངོ་ཚང་། མཆོག་སྤྲུལ་ ༧ བེ་རི་ཚང་། དོ་དམ་མི་སྣ་དང་སློབ་གྲྭའི་དགེ་རྒན་བཅས་ཀྱིས་སློབ་མའི་ཡིག་གཟུགས་ལ་གཟིགས་ཞིབ་དང་དཔྱད་འདེམ་གནང་། མཇུག་མཐར་སློབ་མར་གཟེངས་བསྟོད་དང་སྐུལ་ལྕག་གང་ལེགས་བགྱིས་ཏེ་ཐེངས་འདིའི་ཡིག་གཟུགས་དུས་ཆེན་གྱི་བྱ་འགུལ་བདེ་བླག་ངང་མཇུག་དྲིལ་བ་དགེའོ།།
|