འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་བྱིས་གསོ་ཁང་གིས་དུས་ཆེན་ལ་སོར་རྩལ་སྒྱུར་བའི་རྣམ་པ།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཉེར་གཅིག་པ།
སྤྱི་ལོ་༢༠༡༢ལོར་རང་ཉིད་ཤག་ཆུ་གྲོང་རྡལ་སྐད་གཉིས་བྱིས་གསོ་ཁང་དུ་དགའ་ཕྱོགས་དང་མཐུན་པའི་ཡིག་གཟུགས་ཀྱི་དགེ་རྒན་བྱེད་པའི་གོ་སྐབས་བྱུང་ནས་སློབ་མ་མང་པོ་དང་མཉམ་དུ་ཡིག་གཟུགས་གསོ་སྤྱོང་གི་འཚོ་བ་རོལ་བ་དང་། སྤྱི་ལོ་༢༠༡༤ནས་སྤྱི་ལོ་༢༠༡༦བར་རང་གིས་གསོ་སྤྱོང་བྱས་པའི་སློབ་མས་རྫོང་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོ་དང་གཉིས་པ་སོགས་ཀྱི་བྱ་དགའ་ཐེངས་མང་བླངས་པ་ མ་ཟད་བྱིས་གསོ་ཁང་ནས་སློབ་ཆུང་ལོ་རིམ་དང་པོར་སློབ་ཞུགས་བྱེད་སྐབས། ཡིག་གཟུགས་ཐད་སྦྱང་འབྲས་ཕུལ་དུ་བྱུང་ཡོད་པས་དགེ་རྒན་དང་ཁྱིམ་བདག་ཡོངས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་གཏོར།
སྤྱི་ལོ་༢༠༡༨ནས་སྤྱི་ལོ་༢༠༡༩བར་དུ་ནག་ཆུ་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཤག་ཆུ་གྲོང་རྡལ་བྱིས་གསོ་ཁང་གི་སློབ་མ་བཅུ་ལ་གཟེངས་བསྟོད་ཐོབ་ནས་སློབ་གྲྭ་ལ་མཚན་སྙན་གོང་དུ་སྤེལ། སྤྱི་ལོ་༢༠༢༠ལོར་འབྲི་རུ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་དང་སློབ་མ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་བྱིས་གསོ་ཁང་གི་སློབ་མ་བཅུ་ཙམ་ཨང་དང་པོ་དང་ཨང་གཉིས་པ་སོགས་གཟེངས་བསྟོད་ཀྱི་མཚན་སྙན་ཐོབ།
ལོ་འདི་འགར་སློབ་མ་སུམ་སྟོང་ཙམ་ལ་ཡིག་གཟུགས་ཀྱི་གྲུབ་འབྲས་ཐོབ་ནས་སློབ་ཆུང་ལ་སློབ་ཞུགས་བྱས། གྲུབ་འབྲས་འདི་འདྲ་ཐོབ་ཐུབ་རྒྱུ་ནི་བདག་གི་དགེ་རྒན་བསླབ་གསུམ་ལགས་ཀྱི་བཀའ་དྲིན་དང་རང་ཉིད་དང་བྱིས་གསོ་ཁང་གི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་སོགས་དང་ཁ་འབྲེལ་ཐབས་མེད་པས་འདིར་བཀའ་དྲིན་ཞུ་བ་དང་བཅས་ཡིག་གཟུགས་དུས་ཆེན་ལ་ལེགས་སྐྱེས་ཙམ་དུ་འབུལ་ལོ།།
|