བླ་རི་མགུལ་སློབ་ཁུལ་གྱི་ཚྭ་ཁོག་སློབ་ཆུང་གིས་ཡིག་གཟུགས་དང་རི་མོའི་སློབ་ཁང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱེད་སྒོ་སྤེལ།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་བཅུ་དགུ་བ།
༄༅།། མཛེས་པའི་རྒྱན་དུ་འཁྲུངས་པའི་ཡི་གེའི་གཟུགས།།
དབུ་ཅན་དབུ་མེད་ལུས་ཀྱིས་རབ་བརྗིད་པའི།།
དཀར་འཇམ་ཤོག་བུའི་བཀྲ་ཤིས་དོ་ར་རུ།།
འགྱུར་ཉམས་མཚར་བའི་གར་གྱིས་དགེ་མཚན་སྤྲོ།།
བོད་ཀྱི་ཡིག་གཟུགས་ནི་རིག་གནས་ཀྱི་དར་སྔ་ཞིང་ལོ་རྒྱུས་གྱི་རྒྱུན་རིང་བའི་རིག་གནས་རྩ་ཆེན་ཞིག་ཡིན་པར་མ་ཟད། འོད་སྟོང་ལྡན་པའི་ཀྲུང་གོའི་ལོ་རྒྱུས་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚད་རིམ་གཉིས་པའི་ཁོངས་སུ་གཏོགས་པ་ན།ང་ཚོས་རང་རྒྱལ་གྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་འདི་རྒྱུད་འཛིན་དར་སྤེལ་བྱེད་པའི་ཆེད་དུ་སྤྱི་ལོ་༢༠༢༢ ལོའི་ཟླ་༤བའི་ཚེས་༢༨ཉིན་གྱི་ཕྱི་དྲོར་ངེད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་རི་མགུལ་ཞང་རྫས་ཚ་ཡུལ་ཚོའི་ཚ་ཁོག་ཞག་འདུག་སློབ་ཆུང་གིས་ཡིག་གཟུགས་དང་རི་མོའི་སློབ་ཁང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དྲུག་པ་བསུ་བའི་བྱ་འགུལ་ཞིག་སྤེལ་བ་དང་། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་དགེ་སློབ་གཉིས་ཀྱི་མཉམ་བྲིས་བྱ་འགུལ་ཞེས་པ་བརྗོད་བྱར་བཟུང་བ་ཡིན།
བྱ་འགུལ་གྱི་གོ་རིམ་དང་བོར་ཡིག་གཟུགས་དགེ་རྒན་བཀྲ་ཤིས་དོན་གྲུབ་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་གལ་ཆེའི་རང་བཞིན་དང་བརྩི་སྲུང་གི་དམིགས་ཡུལ། ཡིག་གཟུགས་སྦྱོང་བའི་དགོས་གལ་ཞིག་མདོར་བསྡུས་ཀྱིས་གསལ་བཤད་བྱས་པ་དང་། དེར་མཐུད་ནས་ཡིག་གཟུགས་ཀྱི་དགའ་ཕྱོགས་ཚོ་ཆུང་གི་དགེ་སློབ་ཐུན་མོང་གིས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ལེགས་པོ་སྨྱུག་རྩེ་ལ་དྲངས་ནས་བྲིས་པར་མ་ཟད། སློབ་གྲྭའི་དགེ་སློབ་གཞན་དག་ལ་མིག་གི་དགའ་སྟོན་དུ་ཕུལ།
ཐེངས་འདིའི་བྱ་འགུལ་གྱི་ཁྲོད་ནས་དགེ་སློབ་མང་བོ་ཞིག་ལ་ཡིག་གཟུགས་འབྲི་སྦྱོང་གི་དགའ་ཕྱོགས་དང་ཡིག་གཟུགས་སྦྱོང་བ་ནི་རང་གི་ཚེ་ནོམ་རྩ་ཆེན་ཞིག་ཡིན་པར་བག་ཆགས་བཟང་བོ་བཞག་ལ། ལྷག་པར་དུ་ཀྲུང་གོའི་ཡིག་གཟུགས་རིག་གནས་ཀྱི་སྐྱེད་ཚལ་ཡངས་པོའི་ཁྲོད་ན་བོད་ཀྱི་ཡིག་གཟུགས་ནི་འདབ་རྒྱ་ལྷུག་པར་གྲོལ་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་ངེས་ཟིན་ཟབ་མོ་ཐེབས་སུ་བཅུག་གོ།
|