ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཐོན་མིའི་ཡིག་རྒྱུན་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་སྐབས་གཉིས་པའི་དྲ་ཐོག་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་དཔྱད་འདེམས་ལ་ཡིག་གཟུགས་མི་འདྲ་བ་སྣ་༡༨ཙམ་མདོར་དྲིལ་ན་ཡིག་རྒྱུན་ཆེན་པོ་༡༠ཡི་ཁུངས་སུ་འདུ་བ་བཅས་སྡོམ་པས་ལྗོངས་ཞིང་ལྔའི་ཡུལ་ཕྱོགས་སོ་སོ་ནས་ཐོན་པའི་བྲིས་པ་རྒན་དར་གཞོན་གསུམ་མི་གྲངས་༢༠༥ལྷག་གི་ཡིག་གཟུགས་བརྩམས་ཆོས་༤༥༠འབྱོར་ཡོད།
ང་ཚོའི་བརྩམས་ཆོས་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་སྔ་རྗེས་སུ་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་སྲོལ་ཡིག》་དང་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཚད་གཞི》་སོགས་གཏན་འཁེལ་བྱས་པ་མ་ཟད། དཔྱད་འདེམ་པ་སོ་སོར་སྒེར་འབྲེལ་དང་ཚོགས་གླེང་གི་རྣམ་པའི་སྟེང་ནས་དགོངས་འཆར་འཚོལ་བསྡུད་དང་གྲོས་བསྡུར་ཡུན་རིང་བྱས་རྗེས་། ད་ལོའི་ཟླ་༦ཚེས་༡༠ཉིན་ལ་ཐོག་མའི་དཔྱད་འདེམས་བྱས་པ་བརྒྱུད་དེ་བརྩམས་ཆོས་༢༤༠འདེམས་ཐོན་བྱུང་། ཟླ༦ཚེས་༢༦ཉིན་བོད་ཀྱི་ཡིག་མཁན་གྲགས་ཅན་གསུམ་ལ་མངགས་བཅོལ་བྱས་ཏེ་བསྐྱར་ཞིབ་དཔྱད་འདེམས་ཁྲོད་བརྩམས་ཆོས༡༥༦འདེམས་ཐོན་བྱུང་། ཟླ་༦པའི་ཚེས༢༨ཉིན་ལྗོངས་ཞིང་ལྔ་ནས་གདན་ཞུ་གནང་པའི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྐབས་གཉིས་པའི་བརྩམས་ཆོས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་༡༦ལ་བརྩམས་ཆོས་འདྲ་པར་ཚང་མ་མུ་འབྲེལ་དྲ་ལམ་བརྒྱུད་དེ་གཟིགས་འབུལ་བྱས། དཔྱད་འདེམ་གྱི་གོ་རིམ་ཁྲོད་རྒན་རྣམ་པས་སྔ་གཞུག་ཏུ་རང་གི་གནས་ཚུལ་ལྟར་ཕབ་ལེན་དང་པར་འདེབ། ཡིག་གཟུགས་རིགས་དགར་བ། གློག་རྡུལ་པར་རིས་ལ་ཞིབ་བསྡུར་བྱེད་པ་སོགས་ཀྱི་ལས་ཀ་ཧ་ཅང་ལྗིད་པོའི་དཀའ་ངལ་དང་དུ་བླངས་ནས་ཟླ་ངོ་གཅིག་དང་ཉིན་བཅུ་ཕྲག་ལྷག་གི་རིང་ལ་ཡང་སྐོར་བསྐྱར་སྐོར་གྱི་དཔྱད་འདེམས་ལས་ཀ་སྤེལ་བ་མ་ཟད། དགེ་རྒན་ཚང་མས་གཟུར་གནས། དྲང་བདེན། དཔྱོད་མཁས། འདྲ་མཉམ། གཟབ་ནན་བཅས་ཀྱི་སྤྱོད་བཟང་རྒྱུན་འཁྱོངས་བྱས་མཐར་ཟླ་འདིའི་ཚེས་བདུན་ཉིན་གྱི་ཕྱི་དྲོ་དཔྱད་འདེམས་ཀྱི་ལས་ཀ་ཡོངས་སུ་རྗོགས་པ་བདེ་ལེགས་ངང་ལེགས་འགྲུབ་བྱུང་ཡོད།
ད་ནི་ཆེས་མཇུག་མཐའི་སྐར་མ་སྤྱི་སྡོམ་དང་བྱ་དགའ་བྱིན་པའི་མཛད་སྒོ་བྱ་དགའ་བདག་སྤྲོད་གནང་རྒྱུ་སོགས་ལ་ཐུག་ཡོད་པས། ང་ཚོས་མུ་མཐུད་དུ་འགྲན་བསྡུར་བརྡ་ཡིག་གི་དགོངས་དོན་དང་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་སྲོལ་ཡིག》་དང་《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམ་ཚད་གཞི》་སོགས་ཀྱི་གཏན་འཁེལ་གཞིར་བཟུང་ནས་མི་འགྱང་བར་མཇུག་འབྲས་ཁྱབ་བསྒྲགས་བྱ་ངེས་ཡིན།
ད་ལོ་ནི་སྤྱི་བཏང་མ་ཡིན་པའི་ལོ་ཞིག་ཡིན་པས་གནས་ཚུལ་འདྲ་མིན་སྣ་ཚོགས་དང་ཁྱད་པར་ནད་ཡམས་ཀྱི་དབང་གིས་བྱ་འགུལ་དུས་ཚོད་ལ་སྔ་ནུར་ཕྱི་འགྱང་ཕྲན་བུ་རེ་མི་འབྱུང་ཐབས་མེད་ཡིན་པས་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་སྤྱི་བསྒྲགས་ལེ་ཚན་ལ་གཟིགས་པར་ཞུ།
མཐར་ཐེངས་འདིའི་བྱ་འགུལ་ལ་རྒྱབ་སྐྱོར་དང་ཐུགས་ཁུར། དོ་སྣང་དང་སེམས་ཚགས་གང་མང་གནང་མཁན་གྱི་དཔྱད་འདེམས་དགེ་རྒན་༡༦དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་འགྲན་བསྡུར་བྱ་བའི་ལས་གྲོགས༡༧། བོད་ཀྱི་བྲིས་པ་རྒན་དར་གཞོན་གསུམ་ཡོངས་ལ་བཀའ་དྲིན་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ་འགྲན་སྡུར་གནས་ཚུལ་གྱི་གསར་འགྱུར་འདི་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ལགས་སོ།།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་གིས།
|