དབང་ཕྱུག་ཚེ་རིང་།
དངོས་མིང་ལ་དབང་ཕྱུག་ཚེ་རིང་ཟེར། མིང་གཞན་ལ་གཡང་རོང་དབང་བྷེའམ་སྨྱུག་མིང་ལ་བོད་བཟང་པོ་རུ་འབོད། ༡༩༨༣ལོར་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་གཡང་རོང་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ༢༠༠༣ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་འབྲིང་རིམ་མཐར་ཕྱིན། ༢༠༠༧ལོར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་དངོས་གཞི་མཐར་ཕྱིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི། ༢༠༡༥ལོར་རྒན་བཀའ་དྲིན་ཅན་ཀུན་བཟང་དོན་འགྲུབ་བམ་བསེ་རུ་ནག་པོའི་མདུན་ནས་དབུ་ཅན་ཡིག་གཟུགས་ཀྱི་བྲིས་ལ་སློབ་སྦྱོང་བྱས། ༢༠༡༨ལོར་ཆུ་དམར་ལེབ་རྫོང་རིག་གནས་ཅུས་སྤེལ་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས། ལོ་དེའི་ཟླ་༤བའི་ཚེས་༣༠ཉིན་འབའ་དགོན་སློབ་ཆུང་དུ་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་། ཨ་ནུ་བྲིས་གཟུགས་ཁང་སྒོ་འབྱེད་ཀྱི་ལས་ལ་འགན་ཁུར་གཙོ་སྐྱོང་གནང་། ད་ལྟ་ཆུ་དམར་ལེབ་རྫོང་འབའ་དགོན་སློབ་ཆུང་དུ་བོད་སྐད་ཡིག་དགེ་རྒན་དཀྱུས་མ་ཞིག་ཡིན་ཏེ། ལས་ཞོར་དུ་རྒན་རྣམས་ཀྱི་ཞལ་གསུང་བཞིན་བོད་ཀྱི་ཡིག་གཟུགས་ལ་སློབ་སྦྱོང་དང་བྲིས་གཟུགས་སློབ་ཁྲིད་ཀྱི་འགན་གཅིག་ལྕོགས་སུ་གནང་མུས་ཡིན།
|