བསྟན་འཛིན་ལྷུན་འགྲུབ།
བྲིས་པ་བསྟན་འཛིན་ལྷུན་འགྲུབ་ནི་སྤྱི་ལོ་༢༠༠༡ལོར་བོད་ཆོལ་ཁ་གསུམ་ལས་མདོ་སྟོད་མིའི་ཆོལ་ཁ། མདོ་ཁམས་ས་ཡི་ལྟེ་བ་ཆབ་མདོ་ནོར་བུའི་ས་ཆ། རྫ་ཆུ་ངོམ་ཆུ་གཉིས་ལས་རྫ་ཡི་རྒྱུད། གནས་ཆེན་གོ་བོ་ཁྱུང་ཕུག་གི་མདུན། རྫ་སྤང་ཐོག་ཞེས་པར་སྐྱེས། ལོ་བཞི་ནས་བཟུང་གྲོང་གི་གྲྭ་པ་རྣམས་ཀྱི་འགྲམ་ནས་བོད་ཡིག་ཀློག་རྒྱུ་སྦྱངས། དེ་ནས་རིམ་གྱི་ས་གནས་སློབ་གྲྭར་ཁག་ལ་ཞུགས་ནས་དགེ་རྒན་དུ་མ་བསྟེན་ནས་རྒྱ་ཡིག་སོགས་སྦྱངས་པ་མཛད། སློབ་འབྲིང་ལ་སླེབས་སྐབས་དགེ་བའི་གཤེན་གཉེས་ཆེན་པོ་རྡོ་རྗེ་དང་བཀྲ་ཤིས་དོན་གྲུབ་སོགས་ལ་བསྟེན་ནས་བོད་ཡིག་ལ་སྦྱང་པ་ཆེན་པོ་བྱེད། ལྷག་པར་གཤེན་གཉེས་ཆེན་པོ་བཀྲ་ཤིས་དོན་གྲུབ་ཞབས་ནས་བོད་ཀྱི་ཡིག་གཟུགས་དུ་མ་སྦྱང་། ༢༠༡༨ལོ་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་ཆེན་ནང་ཨང་དང་པོའི་བྱ་དགའ་ཐོབ་པ་དང་སྒ་ཆབ་མདོའི་སྐབས་གསུམ་པའི་རིག་གནས་གླེང་སྟེབས་ལས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ནང་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༡༩ལོ་བོད་རང་སྐྱོང་ལྗོངས་ཀྱི་དགེ་སློབ་ཡིག་གཟུགས་འགྲན་སྡུར་སྐབས་དང་པོའི་ནང་ཨང་དང་པོའི་གཟེངས་བསྟོད་ཐོབ་པ་དག་ནི་རྒན་བཀྲ་ཤིས་དོན་གྲུབ་ཀྱི་བཀའ་དྲིན་ཡིན་ལ་དམ་པ་ཁོང་གི་བཀའ་སློབ་ཀྱིས་ཁོ་བོ་མི་ཚེ་གང་པོ་མི་རིགས་ཀྱི་ཆེད་དུ་བརྩོན་པ་ལྷུར་ལེན་བྱ་རྒྱུའི་དམ་བཅའ་སྙིང་ལ་བཅངས།
|