收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་རིན་ཆེན་གཏེར་མཛོད་འགྲེམ་སྤེལ་གནས་ཚུལ་དང་རྩོམ་པ་པོ་འོས་སྦྱོར།

 二维码 290
发表时间:2020-11-01 22:21作者:ཚུལ་ཁྲིམས་བཟང་པོ།ཨོ་རྒྱན།来源:ཁམས་པའི་དྲ་བ།网址:https://mp.weixin.qq.com/s/9n1JZDxxD7cb6VnN31Y5QQ






       

       ཉེ་ཆར། བོད་ཀྱི་དམངས་ཁྲོད་རིག་གནས་སྲོག་འཛིན་པ་རུ་གྲགས་པའི་རྒན་བཀྲ་ཤིས་དཔལ་འབྱོར་ལགས་ཀྱིས་གཙོ་སྒྲིག་གནང་བའི༼   བོད་ཀྱི་ཡིག་གཟུགས་རིན་ཆེན་གཏེར་མཛོད༽ ཅེས་པའི་རི་ཁ་ཅན་གྱི་ཡིག་གཟུགས་ཀུན་འདུས་ཀྱི་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་ཞིག་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།






      དེབ་རྒན་འདི་གཉིས་ལས་སྟོད་ཆར་བོད་ཀྱི་ལོ་རྒྱུས་སྟེང་དུ་བྱུང་བའི་གདོད་མའི་བརྡ་མཚོན་དུས་རབས་ཀྱི་ཐག་མདུད་བརྡ་མཚོན་ཡི་གེ་དང་གཟི་ཡིག་སོགས་བོད་ཀྱི་ཡི་གེའི་གཟུགས་བྱུང་བའི་མགོ་བརྩམས་པ་ནས། འདྲ་གཟུགས་དོན་མཚོན་ཡི་གེའི་དུས་རབས་ཀྱི་བྱ་དངོས་རི་མོའི་ཡི་གེ་དང་རྡོ་ཆས་ངོས་ཀྱི་ཡི་གེ། སྒྲ་སྦྱོར་ཡི་གེའི་དུས་རབས་ནས་སྟག་གཟིགས་སྤུངས་ཆེན་སྤུངས་ཆུང་དང་སྨར་ཆེན་སྨར་ཆུང་། སྤུར་རྒྱལ་དུས་རབས་ཀྱི་ཡི་གེ་ནས་བོད་སིལ་བུ་དུས་ཀྱི་གྲུབ་མཐའ་ཁག་གི་ད་ལྟའི་དུས་ལ་ཐུག་པའི་བར་གྱི་བྲིས་རྒྱུན་རེ་རེ་བཞིན་འདྲ་པར་དང་སྦྲགས་ནས་ངོ་སྤྲོད་རྒྱས་པར་གནང་ཡོད་ལ། དེབ་སྨད་ཆར། ལེགས་སྦྱར་གྱི་ཡི་གེ་ལས་ལཉྫ་དང་ཝརྟུ་ཡི་ཡི་གེ། བོད་རྒྱལ་སྲོང་བཙན་སྒམ་པོས་སྐད་ཡིག་གཅིག་གྱུར་གནང་སྐབས་སློབ་དཔོན་ཐོན་མིས་གསར་དུ་གཏོད་པའི་དབུ་ཅན་ཡིག་གཟུགས། བོད་བཙན་པོའི་དུས་སུ་བྱུང་བའི་ཡི་གེ། བོད་སིལ་བུའི་དུས་ཀྱི་ས་སྐྱའི་སྐབས་ཀྱི་ཡིག་གཟུགས་དང་། ཕག་གྲུའི་སྐབས་ཀྱི་ཡིག་གཟུགས། དགའ་ལྡན་ཕོ་བྲང་སྐབས་ཀྱི་ཡིག་གཟུགས། པར་ཤིང་གི་ཡིག་གཟུགས། རྡོ་རིང་ངོས་ཀྱི་ཡི་གེ། བྲག་བརྐོས་ཡིག་གཟུགས་སོགས་འདྲ་པར་གྱི་ལམ་ནས་ངོ་སྤྲོད་རྒྱས་པར་གནང་བ་ཞིག་ལགས་ཤིང་། བོད་ཀྱི་ཡིག་གཟུགས་སྐོར་ལ་འདི་ལྟ་བུའི་ཕྱོགས་བསྒྲིགས་དང་འཐུས་ཚང་རང་བཞིན་ཅན་ཞིག་སྔར་བྱུང་མི་འདུག་ལ། བོད་ཀྱི་མཁས་དབང་ལྟག་སྤྲུལ་ཨོ་རྒྱན་ཆོས་འཕེལ་དང་ལྕང་ཞབས་འགྱུར་མེད་ཚེ་དབང་། དཔལ་བསྡུས་སོགས་དམ་པ་སྐོར་ཞིག་གིས་མགོ་བརྗོད་དང་ཤིས་ཚིག་གནང་ཞིང་དེབ་འདིའི་ཆེ་བ་བརྗོད་འདུག།

 20201101.jpg




20201101_215523_003.jpg


རྒན་བཀྲ་ཤིས་དཔལ་འབྱོར་ལགས་ཀྱི་ངོ་སྤྲོད་དང་ཁོང་གི་མཛད་རྗེས།


         བཀྲ་ཤིས་དཔལ་འབྱོར་ནི་ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་སུ་གྲགས་པའི་མདོ་ཁམས་སྡེ་དགེ་དབོན་པོ་སྟོད་ཀོ་སྨད་གྲོང་དུ་སྤྱི་ལོ1967ལོར་སྐྱེས་ཤིང་། ཆུང་དུས་སུ་ཕ་མེས་ཀྱི་ཟུར་ནས་དམངས་ཁྲོད་གཏམ་རྒྱུད་དང་གླུ་གཞས་ལ་ཉན་རྒྱུ་ཤིན་ཏུ་དགའ་ཞིང་། གེ་སར་རྒྱལ་པོའི་རྟོགས་བརྗོད་ལ་དེ་བས་ཀྱང་ཉན་སྣང་སྤྲོ་བ་རེད། དེ་ནས་སྐབས་དེའི་ཡུལ་གྲོང་གི་མཚན་མོའི་སློབ་གྲྭ་དང་གྲོང་སྡེའི་ཚོད་ལྟའི་སློབ་ཆུང་དུ་ཞུགས་ནས་ཀ་ཁའི་ཡིག་ངོས་འཛིན་མགོ་བརྩམས་པ་དང་། ཁོང་ནི་ཆུང་དུས་ནས་བློ་རིག་གྲུང་ཞིང་འབད་འབུངས་ཆེ་བ་ཞིག་ཡིན་སྟབས། མ་འགྱངས་བར་བོད་ཡིག་གི་སྦྱོར་ཀློག་དང་རྨང་གཞིའི་ཤེས་བྱ་ལ་ཐོགས་པ་མེད་པར་གྱུར་པས། དགེ་རྒན་དང་ཡུལ་མི་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་ཐོར། སྐབས་དེར་ཁོང་གི་སློབ་དེབ་གཙོ་བོ་གེ་སར་གྱི་སྒྲུང་ཡིག་དག་ཡིན་ལ། གེ་སར་གྱི་སྒྲུང་ནི་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པའི་སྒུལ་ཤུགས་ཀྱང་ཡིན། དུས་ཚོད་ཅུང་ཙམ་ཡོད་པ་ནས་ཁོང་གིས་རྙིང་ཞིང་དུ་རྒན་གྱིས་བཀླུབས་པའི་སྒྲུང་ཡིག་གི་དེབ་ལ་འཐམས་ཤིང་། མཚམས་རེ་མཚན་སྒྲོན་མེའི་འོག་ནས་སྒྲུང་ཡིག་ལ་བལྟས་ཏེ་ནམ་གསལ་བའི་དུས་སྐབས་ཀྱང་ཤིན་ཏུ་མང་། སྐབས་དེར་སྒྲུང་ངག་མང་པོ་ཞིག་མ་ཤེས་ཀྱང་ནམ་རྒྱུན་སྐད་གསང་མཐོན་པོས་སྒྲུང་ངག་འགུག་རྒྱུ་གོམས་ཡོད་ལ། དེ་ལྟར་གེ་སར་གྱི་སྒྲུང་ངག་དང་དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་གང་མང་ཞིག་ཁོང་གི་ཤ་གསེང་རུས་གསེང་དུ་ཐིམ་ཞིང་རྗེས་ཕྱོགས་ཀྱི་མཛད་རྗེས་རླབས་པོ་ཆེ་དག་ལ་རྨང་གཞི་བརྟན་པོར་བཏིང་པ་རེད།







     དེ་ནས་ལས་དང་སྐལ་བ་བཟང་པོས་མུ་མཐུད་དུ་སློབ་སྦྱོང་གི་གོ་སྐབས་ལྡན་ཞིང་། སྡེ་དགེ་སློབ་འབྲིང་དུ་རྒྱ་བོད་སྐད་ཡིག་དང་རྩིས་རིག་སོགས་དེང་རབས་ཀྱི་སློབ་གསོ་ཉམས་སུ་མྱོང་ཞིང་། དེ་དང་དུས་མཚུངས་སུ་རང་ཉིད་ཀྱི་དགའ་ཕྱོགས་སམ་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་གོ་སྐབས་ལེགས་པོ་ལྡན་ལ། རྒྱུན་དུ་སློབ་གྲྭའི་རིག་རྩལ་འཁྲབ་སྟོན་ནམ་བྱ་འགུལ་ཆེ་མ་ཆུང་གསུམ་གང་མང་དུ་ཞུགས་ནས་རང་གི་རྒྱུད་ལ་ཟུངས་ཁྲག་ལྟར་བཞུར་བའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་དམངས་གླུ། བྲོ་གར་སོགས་ཀུན་གྱི་མིག་ལམ་དུ་བཤམས་པས། བསྟོད་བསྔགས་དང་ཡིད་སྨོན་གྱི་ཡུལ་དུ་གྱུར། ཐེངས་ཤིག་གསེར་རྟ་ཟློས་གར་ཚོགས་པ་སྡེ་དགེ་རུ་ཡོང་ནས་དྲི་མེད་ཀུན་ལྡན་སོགས་བོད་ཀྱི་ཟློས་གར་ཁག་ཅིག་འཁྲབ་སྟོན་བྱས་པས། ཁོང་གིས་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་འཁྲབ་སྟོན་དེ་མཐོང་མ་ཐག   བརྗོད་ཐབས་བྲལ་བའི་སེམས་ཚོར་ཞིག་སྐྱེས་ཤིང་། དེ་ནས་འཁྲབ་སྟོན་གྱི་ཕྱོགས་ལ་བློ་མོས་ཆེན་པོ་ཞིག་སྐྱེས། དེ་དང་དུས་མཚུངས་སུ་ཁམས་ཕྱོགས་ཀྱི་སྒྲུང་པ་མི་ཉུང་བ་ཞིག་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་རྒྱལ་ནང་གི་རླུང་འཕྲིན་ཁང་ཆེ་ཁག་འགའ་རེས་གདན་ཞུས་བྱས་ཏེ་སྒྲུང་ངག་སྒྲ་ཕབ་བགྱིས་ཤིང་། རླུང་འཕྲིན་བརྒྱུད་ནས་དེ་དག་གི་སྒྲུང་ངག་ལ་ཉན་ཆོག་པས། ཁོང་གིས་ཟུར་དུ་སྒྲ་སྒམ་འཕྲུལ་ཆས་ཆུང་ཆུང་ཞིག་ལུས་དང་གྲིབ་མ་བཞིན་བཟུང་ཞིང་། རྒྱུན་པ་སྒྲུང་ངག་ལ་ཉན་ཞིང་རང་གིས་ཀྱང་འགུག་བཞིན་ཡོད། དེ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ཤིང་གཙུག་ལག་སྨྲ་བའི་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་དུ་མ་ལ་བསྟེན་པ་དང་སྤྱི་ལོ1995ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞུགས་ཏེ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་ཐད་ལ་རིགས་གཞུང་དང་ལག་ལེན་ཟུང་འབྲེལ་སྒོ་ནས་སློབ་སྦྱོང་མཛད་ཞིང་། ཞོར་དུ་མིག་རྒྱ་ཡངས་པོས་ནུབ་ཕྱོགས་ཀྱི་རིག་གཞུང་ཁག་ལའང་སྦྱངས་པ་མི་དམན་པ་གནང་།








        ཆུང་དུས་ནས་བློ་རིག་བཀྲ་ཞིང་སྒྲ་སྣ་ཚོགས་ལ་ལད་ཟློས་བྱེད་པ། ཀུ་རེ་དང་ཁ་མཚར་རྩེ་བ། གླུ་གཞས་དང་ཞབས་བྲོ་སོགས་ལ་དགའ་ཞེན་ཆེ་བར་མ་ཟད། སྦྱངས་སྟོབས་ཀྱི་བརྩོན་འགྲུས་ཆེ་ཞིང་གཙུག་ལག་རིག་པའི་གནས་ལ་སྤྱན་རྒྱ་ཡངས་པས། ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་བཅས་དཀར་མཛེས་ཁུལ་གློག་བརྙན་ཁང་དུ་ལས་བགོས་བྱས་ཤིང་། དེ་རུ་ཕེབས་ནས་བརྙན་འཕྲིན་སྒྲ་སྒྱོར་དང་ཡིག་བསྒྱུར། གསར་འགྱུར་རྒྱང་བསྒྲགས་སོགས་ཀྱི་ལས་ལ་ཞུགས་ཤིང་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་གནང་། དེ་ནས་དཀར་མཛེས་ཁུལ་རིག་གནས་ཅུས་སུ་ལས་ཀར་ཞུགས་ཤིང་། རིམ་བཞིན་དཀར་མཛེས་ཁུལ་དཔེ་མཛོད་ཁང་གི་མགོ་གཙོ། དཀར་མཛེས་ཁུལ་ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ། དཀར་མཛེས་ཁུལ་རིག་གནས་ཁང་གི་མགོ་གཙོ་སོགས་ཀྱི་འགན་ཁུར་མྱོང་། ཁོང་ནི་ཀྲུང་གོ་གློག་བརྙན་མཁས་ཅན་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་ཡིག་གཟུགས་མཁས་ཅན་ལྷན་ཚོགས་ཀྱི་ཁོངས་མི་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིག་གཟུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་ཨུ་ཡོན། དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་སྐབས་བཅུ་གཅིག་པའི་འཐུས་མི། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྐབས་དགུ་པ་དང་སྐབས་བཅུ་གཉིས་པའི་ཨུ་ཡོན་བཅས་ཡིན།





     ཁོང་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ངག་དང་གླིང་རྗེའི་རྗེས་ཤུལ་སོགས་རིག་གནས་ལ་ཐུགས་མོས་ཤིན་ཏུ་ཆེ་བས། མ་སྐུལ་དང་བླངས་ཀྱིས་ཐོག་མཐའ་བར་གསུམ་དུ་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ཀ་བགྲང་ལས་འདས་པ་བགྱིས་ཤིང་། དེ་དག་ལས་ཟུར་ཙམ་མཚོན་པ་བྱས་ན། 2011ལོའི་ཟླ12པ་ནས། དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་དཀར་མཛེས་ཁུལ་མཛེས་རྩལ་ཁང་། ཀརྨ་སྒར་བྲིས་དྲིལ་བསྒྲགས་སློབ་སྦྱོང་ཁང་བཅས་ཀྱིས་གྲུབ་པའི་དཀར་མཛེས་རིག་གནས་ཁང་དངོས་སུ་བཙུགས་པ་དང་། ཁོང་གིས་བློ་སྤོབས་ཆེན་པོས་དེའི་མགོ་གཙོ་མཛད་ནས་རྒྱུན་འཛིན་དང་གསར་གཏོད་ཀྱི་བསམ་བློ་རྒྱུད་ལ་འཁྱོངས་ཏེ། རིན་ཐང་བྲལ་ཞིང་ཉམས་ལ་ཉེ་བའི་རིག་དངོས་གང་མང་ཞིག་ལ་གསོན་ཤུགས་རྒྱས་པར་བྱས། ཁྱད་པར་དུ་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་བླ་ལྷག་བཞག་ཡོད་དེ། དཔེར་ན། དཀའ་ངལ་དང་སྐུ་ཚེགས་ལ་མ་འཛེམ་པར་སྡེ་དགེའི་ཨ་ཕྱུག་སོགས་རི་གྲོང་དང་ལུང་ཁུག་དུ་མར་རྒྱུ་ནས་གེ་སར་གྱི་རིག་དངོས་རྩ་ཆེན་མི་ཉུང་བ་ཞིག་བསྡུ་རུབ་དང་པར་སྐྲུན་བྱས་པ་དང་། དཔལ་སྤུངས་དྷརྨ་ཀ་རའི་བཟོ་རིག་དགེ་རྒན་བཀྲ་ཤིས་རྡོ་རྗེ་དང་མཉམ་འབྲེལ་གྱིས་རྟ་རྒྱུག་ནོར་བུ་ཆ་བདུན་གྱི་ཞལ་ཐང་ཆ་ཚད་འབྲི་བཞེངས་གནང་ཞིང་། ཐང་ག་དེ་དག་རྒྱལ་ཕྱི་ནང་གི་གེ་སར་གླེང་སྟེགས་སམ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལྟེ་གནས་གང་མང་ཞིག་ཏུ་བཤམས་སྟོན་གནང་བས། ཀུན་གྱིས་ཡི་རང་དང་གདེང་འཇོག་ཚད་མཐོན་པོ་བྱས། ཁོང་གིས་བགྲང་བྱ་དུ་མར་དཀའ་སྤྱད་འབད་བརྩོན་གནང་ནས་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྫོད་ལས་རྒྱུ་ཆ་དཀོན་ཞིང་ཕལ་ཆེར་ཉམས་ལ་ཉེ་བའི་དཔེ་རྙིང་རྩ་ཆེན་ཁག་སོགས་གཙོ་བོར་བྱས་པའི་སྲོལ་རྒྱུན་རིག་གནས་འཚོལ་བསྡུ་བྱས་ཏེ་དེབ40ལྷག་པར་སྐྲུན་ལེགས་བསྒྲུབས་མཛད་པ་དང་། དེ་དག་རྒྱལ་ཁབ་དང་ཞིང་ཆེན་རིམ་པ། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དག་དང་དབུ་ཁྲིད་དག་གི་མཐོང་ཆེན་དང་གདེང་འཇོག་མཐོན་པོར་ཐོབ་སྟེ་སྲུང་སྐྱོང་དང་ཉར་ཚགས་གང་ལེགས་གནང་ཡོད་པ་རེད། དམྱལ་གླིང་དང་སྟག་གཟིག་ནོར་རྫོང་སོགས་འཐུས་ཚང་དུ་བཏང་བར་མ་ཟད། གེ་སར་སྟོང་ཐང་གི་འགྲེལ་བཤད་དཔེ་དེབ་སོགས་པར་བསྐྲུན་མཛད། 2015ལོའི་ལོ་མཇུག་ཏུ་སྡེ་དགེའི་སྒྲུང་པ་གྲགས་ཅན་ཁག་ཅིག་གདན་ཞུས་བྱས་ནས་སྒྲུང་ངག་རྩ་ཆེན60ལྷག་སྒྲ་ཕབ་ལེགས་འགྲུབ་བྱུང་ཞིང་། ངག་ཐོག་ནས་བརྒྱུད་པའི་གེ་སར་སྒྲུང་ངག་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་དཔག་ཐབས་བྲལ་བ་བཞག། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལྟེ་གནས་ཀྱི་གཙོ་སྐྱོང་མཛད་ནས་གཞི་རིམ་གྱི་རྫོང་ཁག་སོ་སོར་བསྐྱོད་ནས་རིག་གནས་གང་མང་འཚོལ་སྡུད་ཀྱི་ལས་ལ་ཞུགས་ནས་ད་ལྟའི་བར་དུ་དཀར་མཛེས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྐོར་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་རེད། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཛད་ནས་ཐོག་མར་ཡིག་གཟུགས་མཁས་ཅན་སུམ་ཅུ་ལྷག་རྩ་འཛུགས་གནང་ནས་ཡིག་གཟུགས་མཁན་གང་མང་གསོ་སྐྱོང་གནང་ཞིང་། མིག་སྔར་དཀར་མཛེས་ཁུལ་ལ་ཡིག་མཁན་སྟོང་ལྷག་ལ་བུད་པ་འདིའང་ཁོང་གིས་སྣེ་ཁྲིད་པའི་གྲུབ་འབྲས་ཁོ་ན་ལགས་སོ།།




    དེ་ནས་དེང་རབས་ཀྱི་ལག་རྩལ་དཔྱད་དེ་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ཆེན་མོ་ཕབ་སྐྲུན་གནང་ཞིང་། ཁོང་གིས་ཡིད་ཧ་ཅང་སྤྲོ་བའི་ངང་ནས་སྐབས་དེར་ཕབ་སྐྲུན་རུ་ཁག་རྫོགས་ཆེན་དགོན་དུ་སླེབས་ནས་འཆམ་གྱི་སྟ་གོན་བྱེད་སྐབས། ཁ་བ་ལྷབ་ལྷུབ་འབབ་ནས་རི་ཀླུང་ཐམས་ཅད་དཀར་པོའི་དར་གྱིས་གཡོགས་པ་ལྟར་གྱུར་ཞིང་། གེ་སར་གར་འཆམ་ཆེན་མོའི་འཆམ་གོས་དང་འབག   གོ་མཚོན་སོགས་རིན་ཐང་བྲལ་བའི་གནའ་སྔ་མོའི་ཅ་དངོས་ཤ་སྟག་ཡིན་པར་མ་ཟད། བརྙན་མིག་གི་ངོས་སུ་དེ་ལས་ཀྱང་རླབས་དང་གཟི་བརྗིད་ཆེན་པོ་འདུག་གསུངས། དེའི་རྗེས་ཁོང་གིས་དབུ་ཁྲིད་མཛད་ནས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་གྱི་ཞལ་འབག་གསར་པ་བཟོས་ཤིང་། རིན་ཐང་གཞལ་དུ་མེད་པའི་ཞལ་འབག་རྙིང་པ་དང་འཆམ་ཆས་རྣམས་སྲུང་ཉར་གང་ལེགས་བྱེད་པར་སྐུལ་ཞིང་དེ་ལུགས་ལྟར་བྱས་པས། རིག་དངོས་སྲུང་སྐྱོབ་དང་ཉར་ཚགས་ལ་ནུས་པ་གལ་ཆེན་ཐོན།





   གཞན་ཡང་བོད་ཀྱི་དམངས་ཁྲོད་རིག་གནས་ལ་མཐོང་ཆེན་ཚད་མེད་མཛད་ནས་ཁམས་ཁུལ་གྱི་ཡུལ་གྲུབ་ཀུན་ལ་ཕེབས་ཤིང་། དམངས་ཁྲོད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་གང་མང་ཞིག་འཚོར་བསྡུ་བྱས་ཡོད་དེ། སྡེ་དགེའི་ལ་གླུ་དང་སྡེ་དགེའི་བྲོ་ཆེན། དམངས་ཁྲོད་ཀྱི་དབྱངས་རྟ་དང་དམངས་ཁྲོད་གཟུ་པའི་རིག་གནས། ཁམས་ཁུལ་དུ་དར་བའི་གནམ་རིག་སྐར་རྩིས་དང་དམངས་ཁྲོད་ཀྱི་ཁེད། སྡེ་རོང་སྐོར་བྲོ་དང་པི་ཝང་། ལ་གླུ་དང་བཀྲ་ཤིས་པའི་ཁ་གཡང་། དམངས་ཁྲོད་ཀྱི་ཕལ་སྐད་སོགས་གླུ་གར་དང་སྐད་ཡིག་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་རི་བོའི་གཏོས་དང་མཉམ་པ་ཞིག་བསྡུ་བསྒྲིགས་བྱས། ད་དུང་བོད་ཀྱི་སྲོལ་རྒྱུན་ཞལ་འབག་དང་རྫ་མ་བཟོ་སྟངས། ཀརྨ་སྒར་བྲིས་ཀྱི་ཐང་ག་འབྲི་ལུགས། བོད་ཀྱི་ཡིག་གཟུགས་སོགས་དམངས་ཁྲོད་ཀྱི་ལག་རྩལ་གང་མང་ཞིག་ཡིག་ཐོག་ཏུ་དཀོད་པའམ་བརྙན་དང་པར་ངོས་སུ་ཕབ་ནས་རྒྱུན་འཛིན་གྱི་ནུས་པ་མཐོ་འདེགས་སུ་བཏང་། ཁོང་གིས་གཙོ་སྒྲུབ་གནང་བའིཁམས་པའི་རི་མོ་བ་མཁས་ཆེན་རྣམས་ཀྱི་ཐང་ག་འདེམས་བསྒྲིགསཞེས་པའི་རིན་ཐང་གཞལ་ཐབས་བྲལ་བའི་དཔེ་དེབ་དེ་ཀྲུང་གོའི་མི་རིགས་དངོས་རྫས་བཤམས་སྟོན་ཁང་དང་ཀྲུང་ཧྭ་དུས་རབས་འཛམ་གླིང་སྒྱུ་རྩལ་ཁང་གཉིས་ཀྱིས་གཏན་ཉར་བྱས་ཡོད་པ་དང་། རྒྱལ་རོང་ས་ཁུལ་གྱི་ལྡེབས་རིས་རྩ་ཆེན་དག་འཚོལ་བསྡུ་གནང་ནས་དེབ་གཟུགས་སུ་བསྐྲུན་པས་རིག་དངོས་སྲུང་སྐྱོབ་ལ་ནུས་པ་བླ་ན་མེད་པ་ཐོན།






        ཁོང་གིས་ཁམས་སྐད་ཀྱི་བརྙན་འཕྲིན་སྒྲ་སྦྱོར་ལ་བཞག་པའི་མཛད་རྗེས་ནི་སྨོས་མ་དགོས་ཏེ། ཁམས་སྐད་བརྙན་འཕྲིན་སྒྲ་སྦྱོར་བའི་དེད་དཔོན་ནམ་མགོ་བརྩམས་པའི་མི་སྣ་གཙོ་བོ་ཡིན་ཞིང་། རོང་འབྲོག་ས་ཁུལ་གྱི་མི་མང་པོ་ཞིག་གིས་ཁོང་དངོས་སུ་རིག་མ་མྱོང་ཡང་ཁོང་གི་ཐུན་མོང་མ་ཡིན་པའི་སྐད་གདངས་དེ་ཡིད་ལ་འཇགས་ཡོད་དེ། དེ་ནི་ཁོང་གི་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་འཁྲབ་སྟོན་གྱི་ནུས་པ་དང་བྲལ་ཐབས་མེད་ལ། ཁོང་གིས་སྔ་ཕྱི་བར་གསུམ་དུ་སྐད་རིགས་གཞན་པའི་མུ་འབྲེལ་བརྙན་འཕྲིན་བརྒྱ་ཕྲག་འགའ་ཁམས་སྐད་དུ་སྒྲ་སྒྱོར་གནང་ཡོད་པ་དང་། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། ཁམས་སྐད་ཀྱི་སྒྲ་སྦྱོར་དང་རྒྱང་བསྒྲགས་སོགས་ལ་གཏིང་ཟབ་པའི་རྨང་གཞི་བརྟན་པོར་བཏིང་པ་རེད། འབྲོག་པ་ཞིག་གིས་ཁོང་གིས་སྒྲ་སྦྱོར་གནང་བའིརྒྱལ་འཛུགས་སྟོན་ཆེནཞེས་པའི་གློག་བརྙན་ཞིག་ལ་བལྟས་རྗེས་ཧ་ལས་པའི་ཚུལ་གྱིས་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྱང་བོད་སྐད་དེ་འདྲ་ཡག་པོ་བཤད་བཞིན་འདུག་ཅེས་བཤད་མྱོང་ཞིང་། དེ་ལས་ཁོང་གི་གློག་བརྙན་སྒྲ་སྦྱོར་གྱི་ཆུ་ཚད་དཔག་ཐུབ་ལ། གཞན་ཡང་དེ་དང་དེ་ལྟ་བུའི་དཔེ་དང་ལོ་རྒྱུས་དུ་མ་ལབ་རྒྱུ་འདུག   ཁོང་གིས་གཙོ་སྒྲུབ་གནང་བའི་དངོས་བཤུས་གློག་བརྙནའབྲི་ཆུའི་ཐོག་ཏུ་ལྡིང་བའི་གཟིངསལ་རྒྱལ་ཁབ་རིམ་པའི་བྱ་དགའ་གང་མང་ཐོབ་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་མཐོང་ཆེན་བྱས་ནས་བརྙན་འཕྲིན་གྱི་ལམ་ནས་བསྒྲགས་པ་ཡིན་ཞིང་།འབྲི་ཆུའི་ཐོག་ཏུ་ལྡིང་བའི་གཟིངསནི་བགྲང་བྱ་བཞི་ལྷག་ལ་དཀའ་སྤྱད་གནང་ནས་ལེགས་འགྲུབ་བྱུང་བ་དང་། དེ་ལས་ཁོང་གིས་ཉམས་ལ་ཉེ་བའི་འབྲི་ཆུའི་འགྲམ་ངོགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྩ་ཆེན་ཞིག་འཛིན་སྐྱོང་གང་ལེགས་གནང་ཡོད་པ་རེད།




        མདོར་ན་ཁོང་གིས་ལོ་དུ་མ་ཞིག་གི་ཁྲོད་དུ་རྒྱལ་ཕྱི་ནང་གི་རིག་གཞུང་ཁག་ལ་འབད་འབུངས་རྒྱུན་མི་ཆད་པའི་སྒོས་རང་མི་རིགས་ཀྱི་རིན་ཐང་བྲལ་བའི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་བཏང་ཞིང་། དེང་སང་གསར་དར་གྱི་རིག་གཞུང་ཁག་ལའང་སློབ་སྦྱོང་དང་ཞིབ་འཇུག   ཁྱད་པར་དུ་སྒྱུ་རྩལ་གྱི་ཐད་དུ་གྲུབ་འབྲས་ཕུལ་དུ་བྱུང་ཞིང་། ཞབས་བྲོ་དང་གླུ་གར། ཁ་མཚར།སྙན་ངག་རྒྱང་སྒྲོག་གློག་བརྙན་སྐད་སྒྱོར་སོགས་ཀྱི་ཐད་དུ་བྱང་ཆུབ་ལ་ལྷག་པར་དུ་གློག་བརྙན་སྐད་སྒྱོར་སོགས་ཀྱི་ཐད་དུ་གངས་ལྗོངས་ཡུལ་ན་སྐད་སྒྱོར་གྱི་ཆུ་ཚད་མཐོ་ཤོས་སུ་ཕྱིན་པ་དང་། ཁོང་གིས་སེམས་ཤུགས་ཆེན་པོས་མ་འོངས་པ་ལའང་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་རང་ནུས་ཅི་ལྕོགས་གནང་རྒྱུའི་འཆར་གཞི་རབ་དང་རིམ་པ་བཞག་པ་དང་། དམངས་ཁྲོད་གྱི་གེ་སར་སྒྲུང་ངག་ཕུལ་བྱུང་གང་མང་བསྡུ་སྒྲིག་བྱས་ཤིང་། གྲུབ་ཆེན་བརྒྱད་ཅུ་དང་དཔའ་རྟུལ་བརྒྱད་ཅུའི་སྐོར་གྱི་ཐང་ག80ལྷག་དང་། དཔའ་རྟུལ་ཞི་དྲག་གཉིས་ཅན་གྱི་ཐང་ག160ལྷག་དང་། སྲོལ་རྒྱུན་རིག་གནས་སྐོར་གྱི་དཔེ་ཆ་དང་རྒྱལ་ཁབ་རིམ་པའི་བོད་ཤོག་གི་ངོས་སུ་རྡོ་མཚོན་གྱིས་བྲིས་པའི་ཡིག་གཟུགས། ཐང་ག་དང་ཞལ་འབག་སོགས་ཁྱོན་བརྩམས་ཆོས690ལྷག་གསར་རྩོམ་གནང་ནས་ད་ལྟར་དཀར་མཛེས་ཁུལ་རིག་གནས་ཁང་དུ་ཉར་ཚགས་གནང་ཡོད་ལ། སྔ་ཕྱིར་པེ་ཅིང་དང་ཧྲང་ཧེ། ཧྲེན་ཀྲན་དང་ཀང་ཀྲུའུ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར21བཅས་སུ་འགྲེམ་སྟོན་གནང་ཞིང་། བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་བསྒྲགས་པར་ཕན་འབྲས་བླ་ན་མེད་པ་ཐོན་དང་འཐོན་བཞིན་པ་ལགས་སོ།།












མ་རྩོམ་ཡོངས་ཁུངས། ཁམས་པའི་དྲ་བ།

རྩོམ་པ་པོ།ཚུལ་ཁྲིམས་བཟང་པོ་དང་

ཨོ་རྒྱན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།