ཡིག་གཟུགས་དེབ་གསར་མཚམས་སྦྱོར།
གུས་པས་མི་ལོ་བཅོ་ལྔ་ཙམ་གྱི་རིང་ལ་ཚད་ལྡན་གྱི་བཤེས་གཉེན་མང་པོའི་མདུན་ནས་བོད་ཀྱི་ཡིག་གཟུགས་སྣ་མང་ལ་སྦྱང་བརྩོན་ལྷོད་མེད་བགྱིས་ཁུལ་གྱི་གྲུབ་འབྲས་ཙམ་དུ་རིམ་བཞིན་ཡིག་གཟུགས་མི་འདྲ་བ་ཁག་བཅོ་ལྔ་ཙམ་ཞིག་ལ་ངེས་ཤེས་དང་བརྒྱུད་འཛིན་གྱི་སྤོབ་པ་ཅུང་ཟད་ཐོབ་པས་རང་གིས་སྦྱང་བའི་ཡིག་གཟུགས་འདི་དག་གིས་མ་མཐའ་ཡང་རང་མཉམ་འགའ་ལ་ཕན་སྲིད་སྙམ་པ་དང་། གཞན་རང་ཉིད་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་སྤྲིན་གྱི་ཚུལ་དུ་ཀུན་སློང་གཙང་མས་ད་ལན་༼ བོད་ཀྱི་ཡིག་གཟུགས་སྣ་ཚོགས་རང་མཉམ་བློ་གསར་དགྱེས་པའི་མཆོད་སྤྲིན། ༽ ཞེས་པའི་དེབ་ཆུང་འདི་ཉིད་པར་བསྐྲུན་ལེགས་གྲུབ་ཀྱིས་དོན་གཉེར་ཅན་ཚོའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་བས་མཚམས་འདིར་ལས་གཞི་འདིར་སློབ་སྟོན་དང་རྒྱབ་སྐྱོར་མཐུན་གྱུར་གནང་མཁན་དག་ལ་དྲིན་ཚོར་ཟབ་མོས་ཐུགས་རྗེ་དང་བཀའ་དྲིན་ལན་བརྒྱར་ཆེ་ཞེས་ཞུ་བའི་ཡུལ་ནི། མཁས་དབང་བསྟན་འཛིན་ཧྲུའུ་ཅི་མཆོག་དང་། ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྒན་རྡོ་དགོན་གསང་བདག་རྡོ་རྗེ་མཆོག ། སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་རྒན་ནོར་བྲང་ཨོ་རྒྱན་མཆོག ། སེ་ར་མཁས་དབང་རྒན་བློ་བཟང་སྟོབས་བཅུ་མཆོག །མཁས་དབང་ཆེན་མོ་ལྕགས་ཐར་རྒྱལ། ཡིག་གཟུགས་མཁས་དབང་རྒན་བསྟན་འཛིན་མཆོག ། དགའ་ལྡན་དགེ་བཤེས་རྒན་ངག་དབང་ཆོས་འཕགས་མཆོག །ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཁས་དབང་མཛུབ་སྨྱོན་ལྷག་པ་ཚེ་རིང་མཆོག །མཁས་དབང་དགེ་མང་འཇམ་དཔལ་མཆོག །བླ་མ་ཐུབ་དགའ་རིན་པོ་ཆེ་མཆོག །མགར་ཚེ་རིང་དགྲ་འདུལ་མཆོག ། འཇང་པོ་བསོད་ནམས་ཆོས་ཀྱི་ཉི་མ་མཆོག་སོགས་དང་། གཞན་ཡང་འདིར་མཚན་འཁོད་མིན་ལ་མ་ལྟོས་པར་མཐུན་གྱུར་གནང་མཁན་ཇི་སྙེད་ལའང་ཐུགས་རྗེ་དང་བཀའ་དྲིན་ལན་བརྒྱར་ཆེ་ཞེས་དེབ་འདིའི་སུག་བྲིས་པ་གུས་བྱམས་པ་སངས་རྒྱས་ཀྱིས་ཕུལ།།
རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།
ན་གཞོན་རྩོམ་པ་པོ་བ་རོད་བྱམས་པ་སངས་རྒྱས་སམ་སྨྱུག་མིང་ནས་སོན་ནི། སྔོན་མདོ་ཁམས་རྫ་ཆུ་ཁ་བའི་རིགས་ལས་ཡར་མཆེད་དེ་དེང་སྐབས་བྱང་ནག་ཆུའི་ཤར་ཕྱོགས་སུ་ཨོ་ཏོག་ཅེས་པའི་འབྲོག་སྡེ་རུ་ ༡༩༨༦ ལོར་སྐྱེས། ཆུང་ནས་གཞུང་སློབ་འགྲིམས་པའི་གོ་སྐབས་མ་ཐོབ་ཀྱང་རིག་གནས་ལ་དུང་བ་ཟབ་བའི་དབང་གིས་སེ་ར་དགོན་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། དེ་བཞིན་བོད་ལྗོངས་གསོ་རིག་སློབ་གླིང་སོགས་སུ་ཟུར་ཞུགས་ཀྱིས་ཤེས་བྱའི་གནས་དུ་མར་སྦྱང་པ་ལྷོད་མེད་བྱས་པ་དང་། བོད་ཁུལ་མིང་དུ་གྲགས་པའི་དགེ་རྒན་དུ་མའི་ཞབས་ལ་བཏུགས་ནས་རིག་གནས་སྤྱི་དང་ལྷག་ཏུ་སྙན་ངག་དང་བརྡ་སྤྲོད། ཡིག་གཟུགས་གསུམ་འབུར་དུ་ཐོན་པ་ཞིག་སྦྱོང་བ་བྱས་པའི་འབྲས་བཟང་གིས། ས་གནས་དང་ལྗོངས་རྒྱལ་ཡོངས་སོགས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་གསུམ་པ་སོགས་ཐེངས་མང་པོར་ཐོབ། སྤྱིར་བོད་ཀྱི་རིག་གཞུང་ཀུན་ལ་སྦྱང་འབྲས་གཟེངས་སུ་ཐོན་ཏེ་མཁས་དབང་རྣམ་པས་གདེང་འཇོག་མཐོན་པོར་ཐོབ་ཡོད། ལྷག་ཏུ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གིས་གདེང་འཇོག་མཐོན་པོའི་དཔང་ཡིག་ཐེངས་གཉིས་གནང་མྱོང་ཡོད། ཁོང་གིས་སྔ་རྗེས་སུ་དྲ་རྒྱ་དང་དུས་དེབ་ཁག་ཏུ་རྩོམ་ཡིག་དང་ཡིག་གཟུགས་ཅི་མང་སྤེལ་མྱོང་བར་མ་ཟད། དཔེ་དེབ་ཀྱང་། «ངག་གི་བྲག་ཅ་» དང་། « ཡར་ཀླུང་གི་མི་ཞིག » ཞེས་པ་སོགས་བརྩམས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས་ཀུན་གྱིས་དགའ་བསུ་ཆེན་པོ་བྱས་དང་བྱེད་མུས་སུ་མཆིས། ད་ལྟའི་ཆར། ལྷ་ས་གྲོང་ཁྱེར་ཇོ་མོ་གླང་མའི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་གྱི་གྲས་སུ་ཞུགས་ཡོད།
|