བྲིས་པ་རྟ་མགྲིན་ཚེ་རིང་ངོ་སྤྲོད།
བྲིས་པ་རྟ་མགྲིན་ཚེ་རིང་། སྨྱུག་མིང་ལ་མ་ཎི་ཟེར། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཁོངས་མི་ཡིན། ༡༩༧༩ ལོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་བསམ་སྒྲུབ་སྒང་ཡུལ་སྡེ་རུ་སྐྱེས། སློབ་ཆུང་དུས་ནས་དགེ་བའི་བཤེས་གཉེན་ཚེ་རིང་དཀོན་མཆོག་གི་མཛུབ་སྟོན་འོག་བོད་སྐད་ཡིག་ལ་སྦྱང་པ་བྱས་ཏེ་སློབ་གྲྭ་ཐོན་རྗེས་ད་ལྟའི་བར་དཀྱིལ་རུ་ཆ་ཚང་སློབ་ཆུང་དུ་བོད་སྐད་ཡིག་སློབ་ཁྲིད་བྱས། དུས་དང་རྣམ་པ་ཀུན་དུ་མི་རིགས་སྐད་ཡིག་ལ་དགའ་ཞེན་དང་ལྷག་དོན་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་སྦྱང་འདོད་ཀྱི་བློ་བསྐྱེད་ལྡན། ལས་ཞོར་དུ་ཡིག་གཟུགས་ལ་སྦྱངས་པ་བྱས་ནས་ཅོག་གྲ་རིན་པོ་ཆེ་དང་རྒན་འགྱུར་མེད་ཚུལ་ཁྲིམས་ལགས། འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་དེ་བཞིན་ལྷུན་སྨྱུག་སྲས་ལགས་སོགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་ཡི་གེའི་གཟུགས་རིས་ལ་སྦྱངས་པ་བྱེད་བཞིན་ཡོད་པ་དང་སྔ་རྗེས་སུ་གྲ་ནང་རྫོང་སྣམ་བུའི་རིག་གནས་དུས་ཆེན་དང་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན། ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་པའི་དྲན་གསོའི་ཡིག་གཟུགས་འགྲན་སྡུར།དེ་བཞིན་མཚོ་སྔོན་སྦྲང་ཆར་ཐོན་མིའི་མཛུབ་རིས་ཡིག་གཟུགས་འགྲན་བསྡུར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན། གཡག་གུའི་ལྗོངས་ཡོངས་ཀྱི་དགེ་རྒན་གྱི་ཡིག་གཟུགས་འགྲན་བསྡུར། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་ནང་མི་དམན་པའིའབྲས་བཟང་ཐོབ་ཡོད། བདག་ལ་མཚོན་ན་རི་གྲོང་གི་བྱིས་པ་ཚོའི་རྨོངས་མུན་སེལ་རྒྱུ་ནི་རང་ཉིད་ཀྱི་དམིགས་ཚད་དང་། ཡིག་གཟུགས་ཀྱི་རིག་གཞུང་འདི་ཕྱི་རབས་རྣམས་ལ་བརྒྱུད་སྤྲོད་ལེགས་པོ་བྱ་རྒྱུ་ནི་རང་ཉིད་ཀྱི་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད།
|