བྲིས་པ་ཨ་ཉ་ཀུན་སྐྱོང
གདན་ཞུའི་སྐུ་མགྲོན
བོད་ས་བྲིས་ཚོམས་ལས་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་ཨ་ཉ་ཀུན་སྐྱོང་ནི་1982ལོར་སྐྱེས་ཤིང་། ཆུང་དུས་ནས་རིག་གནས་ལ་དུང་མཁན་ཞིག་ཡིན་སྟབས་ཀྱིས་ཀ་ཁ་ཀློག་སྦྱོང་དང་ལྷ་རིས་སོགས་ལ་སྦྱང་བ་བྱས། མ་ཟད་སྡེར་ནང་ས་བྲིས་ཀྱི་དགེ་རྒན་ཆེན་མོ་ཁྲ་ངག་བརྩོན་གྱི་མདུན་ནས་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ཆ་ཚང་སྦྱངས་ནས་སློབ་མཐར་ཕྱིན་པ་བྱས་པར་མ་ཟད་སྡེར་ནང་ས་བྲིས་ཀྱི་མཐར་ཕྱིན་ལག་རྟགས་ཚད་ལྡན་དང་བཅས་པ་གནང་ཐོབ་བྱུང་། རང་ས་གནས་དང་རྫོང་རིམ་པ་བཅས་ནས་སྡེར་ནང་ས་བྲིས་ཀྱི་འགྲན་བསྡུར་སྐབས་སུ་འགྲན་བསྡུར་ལ་ཞུགས་ནས་ཨང་གཉིས་པ་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་ཐོབ་མྱོང་། མགོ་ལོག་བྱམས་སྐྱོང་སློབ་གྲྭ་དང་རང་ས་གནས་སྡེར་ནང་དག་ལ་སྡེར་ནང་ས་བྲིས་ཀྱི་དགེ་རྒན་མཛད་མྱོང་བ་དང་། གསུང་རབ་ཀྱི་པོ་ཏི་ཡང་བཞེངས་ཟིན་པ་དང་བཞེང་བཞིན་སོགས་དུ་མ་མཆིས། ད་ལྟར་སྡེར་ནང་ས་བྲིས་ཀྱི་ཆེད་ལས་དང་ཆེད་སྦྱང་མཁན་གྱི་ཡིག་མཁན་ཆེན་མོ་ཞིག་ཏུ་གྱུར་ཡོད་དོ།།
|