བྲིས་པ་ཨ་འཁོར་ཚེ་བྷ།
ཨ་འཁོར་ཚེ་བྷ། དངོས་མིང་ལ་ཚེ་དཔག་སྐྱབས་ཟེར། ༡༩༧༢ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་ཁོང་གཏོགས་ཅོ་ནེ་དཔོན་པོའི་བླ་རི་ལྷ་བྲག་དཀར་པོའི་ཉེ་འགྲམ་གྱི་ཨ་འཁོར་དགོན་ཆགས་སྡེ་བ་རུ་ལྟེ་ཁྲག་འཕོས་ཤིང་། ཆུང་དུས་ནས་དྲིན་ཆེན་ཕ་མའི་སྐུ་དྲིན་དང་དགེ་རྒན་དམ་པའི་ཐུགས་ཁུར་འོག རིམ་པ་བཞིན་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་དག་བརྒྱུད་ཅིང་།༡༩༨༩ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་འགྲིམ་པའི་སྐལ་བ་བཟང་པོ་ཐོབ། དེ་ནས་ཨ་ཁུ་སྨོན་ལམ་ཚང་གི་དངོས་སློབ་རྒན་རྟ་མགྲིན་ཚེ་རིང་སོགས་གྱི་བརྩེ་བའི་མཛུབ་སྟོན་བརྒྱུད་ནས་ལོ་ངོ་བཞིའི་རིང་ལ་སྨོན་ལམ་ཡིག་རྒྱུན་སློབ་སྦྱོང་ལ་བགས་ཆགས་ཟབ་མོ་བགོས་པ་དང་།༡༩༩༣ལོར་མཚོ་སྔོན་སློབ་གསོའི་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གྲྭ་དེ་གའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་དུ་དབུ་ཅན་ཡིག་གཟུགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མྱོང་།༡༩༩༩ལོ་ནས་ད་བར་གྱི་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་སྲིད་འཛིན་གྱི་བྱ་བ་གཉེར་ཞོར་དུ་དྲུང་ཡིག་ཆེན་མོ༧སྨོན་ལམ་རྒྱ་མཚོ་ཚང་གི་《ཡིག་གཟུགས་བློ་གསལ་སྤྱི་ནོརགཞིར་བཟུང་ཞིང་རྒན་སངས་རྒྱས་བཀྲ་ཤིས་དང་ཁ་གྱ་འཇིགས་མེད།པད་དཀར་འབངས་སོགས་ཀྱི་མཛུབ་ཁྲིད་ལ་བསྟེན་ནས་བྲིས་གཟུགས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་སོང་།ཉེ་བའི་ལོ་འགའི་རིང་ལ་ཁོ་བོའི་ཡིག་གཟུགས་བརྩམས་ཆོས་སྔ་ཕྱིར་<སྦྲང་ཆར>དང<ཟླ་ཟེར> <ཀན་ལྷོའི་འཕེལ་རྒྱས> <གཟའ་མཇུག་ཚགས་པར>སོགས་དུས་དེབ་དང་ཚགས་པར་སྟེང་དུ་བཀོད་པ་དང་། ༢༚༡༩ལོར་པེ་ཅིན་དུ་ཚོགས་པའི"ཀན་ལྷོ་བོད་རིགས་རང་་སྐྱོང་ཁུལ་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན"སྟེང་དུ་ཁོ་བོའི་རྩ་ཆོས་གཉིས་འགྲེམ་སྟོན་ལ་ཞུགས་པ་མ་ཟད ད་དུང་རྒྱལ་ཁབ་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
ད་ལྟ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོར་ཡུག་སྲུང་སྐྱོབ་ཅུས་སུ་བྱ་བ་གཉེར་བཞིན་ཡོད་ལ།ཀན་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
|