收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བྲིས་པ་བླ་མ་ཚེ་རིང་།

 二维码 54
发表时间:2020-04-28 12:00作者:བྲིས་པ་བླ་མ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བྲིས་པ་བླ་མ་ཚེ་རིང་འོས་སྦྱོར།

བླ་མ་ཚེ་རིང་ངམ་པིར་མིང་ལ་བྱ་ཚེ་རིང་ནི༡༩༧༡ལོར་མཚོ་ལྷོ་མང་རྫོང་བྱ་མདོ་སྤྲེལ་ནག་སྡེ་བར་སྐྱེས།   རང་ལོ་བརྒྱད་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་རང་ནུས་གང་ཡོད་ཀྱིས་སློབ་གཉེར་བྱས་ཏེ།   ༡༩༩༡ལོར་བྱ་བར་ཞུགས་ཤིང་མཚོ་སྐོར་བོད་ཡིག་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དང་གྲངས་རིག   མཛེས་རྩལ།   ཡིག་གཟུགས་སོགས་ཀྱི་དགེ་རྒན་གྱི་ལས་ཀ་གཉེར། ཁོང་ནི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་མཚོ་ལྷོ་ཁུལ་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཁོངས་མི་ཡིན །

ཆུང་དུས་ནས་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་འབྲི་སྦྱོང་ལ་ཤིན་ཏུ་དགྱེས་པས།   ལས་ཞོར་དུའང་འབྲི་སྦྱོང་གི་རྒྱུན་མ་ལྷོད་པར་བོད་ཀྱི་ཐང་གའི་འབྲི་སྲོལ་དང་། ཆུ་ཚོན་རི་མོ།   ནུབ་གླིང་གི་སྐྱ་རིས་དང་སྣུམ་ཚོན་རི་མོའི་འབྲི་ལུགས་སོགས་ལ་སྦྱངས་བརྩོན་ལྷོད་མེད་གནང་པས་གྲུབ་འབྲས་ཀྱང་འབུར་དུ་ཐོན་ཞིང་།སྦྱངས་འབྲས་ལེགས་པའི་སློབ་མའང་མི་ཉུང་བ་ཞིག་སྐྱེད་སྲིང་གནང་བ་རེད།   སྔ་གཞུག་ཏུ་《གངས་རྒྱན་ན་ཆུང་ཚགས་པར་》དང་《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་ཚགས་པར》   《སྦྲང་ཆར་》སོགས་གཞུང་སྒེར་གྱི་དུས་དེབ་སྟེང་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་སུམ་ཅུ་ལྷག་སྤེལ་མྱོང་ཞིང་སློབ་གྲྭའི་རི་མོའི་བསླབ་གཞི་《སྐྱ་རིས་ལ་འཇུག་པའི་སྒོ་》ཞེས་པའང་དགེ་གྲོགས་གཞན་དང་མཉམ་འབྲེལ་གྱིས་རྩོམ་འབྲི་གནང་སྟེ་པར་བསྐྲུན་བྱས། ༢༠༠༢ལོར་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་དགེ་རྒན་གྱི་རི་མོ་འགྲན་བསྡུར་ཁྲོད་རི་མོའི་བརྩམས་ཆོས་ 《འཚོལ་》དང་《སྐྱེ་རྒ་ན་འཆི་》གཉིས་ལ་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་ཐོབ།   ༢༠༠༩ལོར་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་ཕུལ་བྱུང་རི་མོ་དང་བརྙན་པར་འགྲན་བསྡུར་དུ་ཞུགས་ཏེ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་ཐོབ།   ༢༠༡༡ལོར་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་གནངས།   ༢༠༡༣ལོར་སྐབས་བཅུ་དགུ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་གི་ཁྱིམ་གཞི་མཉམ་བསྐྲུན་ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་གྱི་མཛེས་རྩལ་དང་བརྙན་པར་འགྲན་བསྡུར་ཆེན་མོའི་སྟེང་ཁོས་བྲིས་པའི་རི་མོ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།   དེ་མིན་ཞིང་ཆེན་དང་ཁུལ།རྫོང་གི་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་འགྲན་བསྡུར་སོགས་སུ་ཁོའི་སློབ་མ་རྣམས་ལ་བྱ་དགའ་ཐེངས་མང་པོར་ཐོབ་པས་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འང་གང་མང་རེག་མྱོང་།       

ཡིག་གཟུགས་སྒྱུ་རྩལ་ལ་མོས་པ་ཆེན་པོ་ཡོད་སྟབས།   སྔ་ཕྱིར་བྲིས་པ་གྲགས་ཅན་མང་པོ་བསྟེན་ནས་བྲིས་རྒྱུན་སྣ་ཚོགས་ལ་འབྲི་སྦྱོང་བྱས་ཤིང་།   ལྷག་པར་དུ༢༠༡༥ལོར་མཚོ་སྔོན་ཞིང་ཆེན་གྱི་“ཐོན་མིའི་ཡིག་རྒྱུན”ཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོར་ཞུགས་ནས་གཙང་གི་བྲིས་པ་ཆེན་མོ་དགེན་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་དབུས་ཀྱི་བྲིས་པ་དགེན་སྙེ་འཕྲིན་ལས་རྒྱལ་མཚན་མཆོག   ཁམས་ཀྱི་མི་རྣམ་སྤྲུལ་སྐུ་མཆོག   ཨ་མདོ་མགོ་ལོག་གི་བྲིས་པ་དགེན་ངག་དབང་རྒྱ་མཚོ་ཚང་།མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་སོགས་ལས་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་།   ཚུགས་མ་འཁྱུག   སྙེ་བྲིས།   གཞུང་བྲིས།   ནང་བྲིས་ནོར་བུ་མ།   བཀའ་བརྒྱུད་བྲབ་བྲིས།   སྡེར་ནང་ས་བྲིས་སོགས་བྲིས་གཟུགས་མི་འདྲ་བ་བརྒྱད་ཀྱི་བྲིས་རྒྱུན་དང་གདམས་པ་ཚུལ་བཞིན་མནོས། དེའི་ཕྱིར། ཡིག་གཟུགས་སྒྱུ་རྩལ་ལ་འཇུག་པའི་སྤྲོ་བ་སྔར་ལས་ཆེས་ཆེར་འཕེལ་ཏེ་༢༠༡༦ལོར་ཐོན་མིའི་ཡིག་རྒྱུན་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་ཁོའི་ཡིག་གཟུགས་ལ་ཕུལ་བྱུང་བྱ་དགའ་ཐོབ།༢༠༡༧ལོར་ཐེངས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་བརྩམས་ཆོས་གཉིས་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་ཉར་ཚགས་བྱས། ༢༠༡༥ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་《བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སློབ་དེབ》རྩོམ་སྒྲིག་བྱས་ནས་གཙང་བྲིས་ཚུགས་ཆེན་དང་སྙེ་བྲིས་སོགས་ཚད་ལྡན་བྲིས་རྒྱུན་སྤེལ་བའི་སློབ་ཁྲིད་ཀྱི་རྒྱུན་སྐྱོང་བཞིན་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་བྱ་འགུལ་སོགས་ཐེངས་གང་མང་སྤེལ་ཅིང་།དེ་དག་ནི་གཞན་ལ་ངོམ་ཆོག་པའི་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། ད་ལྟ་སྔར་བཞིན་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་སློབ་ཁྲིད་ལ་འཇུག་ཞོར་བརྩམས་ཆོས་མང་བོ་སྤེལ་དང་སྤེལ་བཞིན་པའི་སྒང་ལགས་སོ།།             



























རྩོམ་སྒྲིག   ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གཞུང་ལས་ཁང་།