收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་གཉིས་པ།

 二维码 439
发表时间:2020-02-11 23:56作者:སྤེན་ནོར།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་གཉིས་པ།


རྩོམ་པ་པོ། སྤེན་ནོར།

           

         ༢ བྱེ་བྲག་ཏུ་སྨྱུ་གུའི་མན་ངག་བསྟན་པ་ལ།

          སྨྱུ་གུ་ཞེས་པའི་བརྡ་འགྲོལ་བ་དང་། སྨྱུ་གུའི་རྒྱུ་བསྟན་པ། སྨྱུག་མར་སོ་གཏོང་ཚུལ་བསྟན་པ། སྨྱུག་ཁ་གཏོད་པའི་སྨྱུག་གྲི་བཤད་པ། སྨྱུག་ཁ་གཏོད་ཚུལ་བསྟན་པ། སྨྱུ་གུའི་རིང་ཐུང་བསྟན་པ། སྨྱུ་གུའི་ཆ་ཤས་བསྟན་པ་དང་བདུན་ནོ།།

         ༡ ༽    སྨྱུ་གུ་ཞེས་པའི་བརྡ་འགྲོལ་བ།

       སྨྱུ་གུ་ཞེས་པ་ནི་སྨྱུག་མ་ཐུང་ངུ་ཞེས་པའི་དོན་ཡིན། དེའང་ཐོག་མའི་བོད་སྨྱུག་ནི་སྨྱུག་མ་ཐུང་ངུར་བཅོས་ནས་བཟོས་པ་ཡིན་པས་སྨྱུ་གུར་གྲགས། འོ་ན་སྨྱུག་གུ་ཞེས་མི་འབྲི་བ་ཅི་སྙམ་ན། སྔ་མའི་རྗེས་འཇུག་དང་ཕྱི་མའི་མིང་གཞི་སྒྲ་མཚུངས་པས་ཟོར་ཡངས་པར་བྱས་ཏེ་སྨྱུ་གུ་ཞེས་ཐོགས་པ་དཔེར་ན། ལུག་ག་ལ་ལུ་ག་དང་། ཡིད་དམ་ལ་ཡི་དམ་ཞེས་འབྲི་བ་ལྟ་བུ་བརྗོད་ཀྱིས་མི་ལང་། མིང་མཐའི་རྗེས་འཇུག་ལ་དབྱངས་ཨུ་བསྣན་པས་མིང་དེ་ལྡན་གྱི་ཆོས་དེ་ཆུང་ངུའམ། ཉུང་ངུའམ། ཐུང་ངུའམ། དམན་པར་བསྟན་པ་སྟེ། ཇི་སྐད་དུ། ཉ་དང་ཉ་བོ་ཉེའུ་དང་། ། ཤ་དང་ཤ་བོ་ཤེའུ་དང་།། རྔ་དང་རྔ་བོ་རྔེའུ་དང་།། མདའ་དང་མདའ་བོ་མདེའུ་དང་། །རྡོ་དང་རྡོ་བོ་རྡེའུ་དང་། །རྫ་དང་རྫ་བོ་རྫེའུ་སོགས། ། དང་པོ་དངོས་པོ་རང་འབབ་དང་། །བར་མ་ཆེན་པོའམ་མཆོག་ལོ་འཇུག །མཐའ་མ་ཆུང་ངུའམ་ངན་པའི་མིང་། །སྤྲ་དང་སྤྲེའུ་བྱ་བྱིའུ། །སྟ་རེ་སྟེའུ་གྲི་གྲིའུ། །མཐེ་པོ་མཐེའུ་ཁྲི་ཁྲིའུ། །ཁང་པ་ཁང་བུ་སྒོ་སྒེའུ། །མཚོ་དང་མཚེའུ་ལ་སོགས་པ། །སྔ་མ་དངོས་པོའི་རང་མིང་དང་། །ཕྱི་མ་རྣམས་ནི་ཆུང་ངུའི་མིང་། །རྔ་མོང་རྔེའུ་རྟ་རྟེའུ། །ཤ་བ་ཤེའུ་བ་བེའུ། །ར་མ་རེའུ་ཁྱི་ཁྱི་གུ། །ལུག་དང་ལུ་གུ་ལ་སོགས་པ། །སྔ་མ་སེམས་ཅན་རང་མིང་དང་། །ཕྱི་མ་ཕྲུ་གུའི་མིང་དུ་གྲགས། །ཞེས་གསུངས་པ་གནད་ཆེ་བས་ཡིག་ཚོགས་ལ་མ་ལྟོས་པར་དྲངས་པས་ཀྱང་སྨྱུ་གུ་ཞེས་པའི་དོན་བདེ་བླག་ཏུ་རྟོགས་པར་སྨན་ནོ། །

       ༢ ༽   སྨྱུགུའི་རྒྱུ་བསྟནཔ།

         སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ལས།། དང་པོའི་དུས་ལ་སྨྱུག་མའི་རིགས་བརྟག་གཅེས། །ལྷོ་སྨྱུག་རོང་སྨྱུག་ཉག་སྨྱུག་གང་རུང་ལ། །རྩི་འཇམ་ཤ་དྲང་བུ་ག་མེད་པ་དང་། །མཁྲང་ཞིང་ཟླུམ་ལ་རྫི་ན་ལེགས་པ་ཡིན། །གཅོད་ལུགས་མ་ནོར་ཕྲ་སྦོམ་འགྲིལ་བ་བདེ། །ཞེས་བསྟན་པ་ལྟར་ཡིག་མཁན་གྱིས་ཐོག་མར་སྨྱུག་མའི་རྒྱུ་ཆ་ལེགས་ཉེས་ཞིབ་དཔྱད་ཀྱིས།སྨྱུག་མ་ལྷོ་སྨྱུག་སྟེ་མོན་དང་ཀློའི་ཡུལ་གྱི་སྨྱུག་མ་དང་། རོང་ཞེས་ས་དམའ་བའི་ལུང་ཤུར་ནས་བྱུང་བའི་སྨྱུག་མ་དང་། ཉག་སྨྱུག་ཅེས་ཉག་ཆུའི་རྒྱུད་ནས་བྱུང་བའི་སྨྱུག་མ་སྟེ། ས་ཆ་དེ་གསུམ་བོད་ཀྱི་སྨྱུག་མའི་འབྱུང་ཁུངས་གཙོ་བོ་ཡིན་པས། དེ་དག་ནས་ཐོན་པའི་སྨྱུག་མ་ལེགས་ལ། ལྷག་པར་ཡང་སྨྱུག་མ་ཕྱི་རྩི་འཇམ་ལ་སྨྱུག་ཤ་མཐུག་ཅིང་སྐྱེས་ལུགས་དྲང་ལ་འབུ་སྐྱོན་སོགས་ལས་བྱུང་བའི་བུ་གའམ་བུག་པ་མེད་པ།   མཁྲང་བ་སྟེ་མཁྲེགས་པ། དབྱིབས་ཟླུམ་པས་བཅད་རྗེས་ཀྱི་བུ་ག་སྒོར་རྐྱང་འབྱུང་བ།   རྫི་བ་སྟེ་ལྗིད་ཚད་ལྕི་བ་བཅས་ཀྱི་ཁྱད་ཆོས་ཚང་བའི་སྨྱུག་མ་བདམས་ནས་གཅོད་དགོས་པ་ཡིན། མཚོན་དོན་གྱི་དབང་དུ་བྱས་ན། སྨྱུ་གུ་དྲང་བས་འབྲི་བ་པོ་ས་ལམ་ལ་བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡོད་པ་ཡིན་ནོ།།

        འཇམ་མགོན་མི་ཕམ་རྒྱ་མཚོས་ཀྱང་། སྦུ་གུ་ཆུང་ཞིང་བཏེགས་ན་ལྕི་བ། རྩི་འཇམ་པས་མནན་ན་འདྲེད་པའི་སྨྱུག་མ་ནི་སྨྱུ་གུའི་རྒྱུར་བཟང་གསུངས། གཅོད་པའི་ཚེ་ན་སྨྱུག་མ་འཆུས་པ་དང་། གས་པ་སོགས་མིན་པར་ཨེན་ཙམ་མནན་ནས་ཐད་ཀར་གཅོད་དགོས་ཤིང་། སྨྱུག་མའི་ཕྲ་སྦོམ་ནི་མཐེབ་མཛུབ་ཀྱིས་འགྲིལ་བདེ་བའི་ཚད་ལ་གཞིགས་ཏེ་འདེམས་དགོས་སོ༎

          དེ་དག་ནི་འབྱུང་ཁུངས་ཀྱི་ཆ་ནས་གཙོ་ཆེར་བོད་ཀྱི་སྨྱུག་མ་ཁོ་ནའི་དབང་དུ་བྱས་ནས་བསྟན་ལ།   སྤྱོད་མཁན་གྱི་ངོས་ནས་གཙོ་བོ་ཀ་ཁ་ཟློས་ཧྲལ་གྱི་ཆེ་ཆུང་ལྟ་བུ་འབྲི་འདོད་པའི་ཡིག་མཁན་དག་དང་། ལས་དང་པོ་བ་ཀ་ཁ་དང་ཟློས་ཧྲལ་སོགས་སྦྱོང་བ་དག་གི་དབང་དུ་བྱས་ནས་བསྟན་པ་ཡིན། ཚུགས་ཐུང་སོགས་ཡིག་གཟུགས་ཆུང་བ་ལ་མི་ཆོག་གམ་སྙམ་ན། ཡིག་ཆུང་ལའང་སྨྱུག་མའི་སྨྱུ་གུས་མི་ཆོག་པ་མེད་མོད། གཙོབོ་སྨྱུག་མ་འདུལ་མཁས་མིན་ལ་རག་ལས་པས་དེའི་ཚུལ་འཆད་འགྱུར་ལས་ཤེས་སོ།།

གཞན་ཡང་བོད་དུ་སི་སྨྱུག་གི་ལག་ལེན་ཡང་སྔར་ནས་ཡོད་ཅིང་། ཁྱད་པར་ཡིག་ཆུང་ལ་སི་སྨྱུག་འཚམས་པོ་ཡོད། སི་སྨྱུག་གི་རྒྱུ་དེ་ཅི་ལྟ་བུ་ཞེ་ན། ཀླུ་དབང་མགུལ་རྒྱན་ལས། རྒྱུ་ནི་རྒྱ་སི་ཀོང་སི་དང་། མ་འབྱོར་སྨྱུག་མ་དག་ལ་བྱ། ཞེས་སི་སྨྱུག་གི་སི་ཤིང་ལེགས་ཤོས་ནི་རྒྱ་ནག་གི་རྒྱ་སི་དང་། ཀོང་པོའི་ཀོང་སི་གཉིས་ཡིན་ལ། དེ་གཉིས་མ་འབྱོར་ན་སྨྱུག་མས་ཚབ་ཏུ་སྤྱོད་རུང་བར་གསུངས། དེས་ན་ཀླུ་དབང་མགུལ་རྒྱན་གྱི་དགོངས་པ་ལྟར་ན་སྨྱུ་གུའི་རྒྱུ་རབ་རྒྱ་སི་དང་ཀོང་སི་གཉིས་སུ་བཤད་ཅིང་།   དེ་དག་མ་འབྱོར་ན་སྨྱུག་མས་ཆོག་པར་བསྟན་མོད། དེའི་རྒྱུ་མཚན་ནི་སི་འམ་སིབ་ཤིང་དེ་སྨྱུག་མ་དང་བསྡུར་ན་གས་སྐྱོན་ཆུང་ཞིང་སྨྱུག་ཁ་ཟད་དཀའ་བ། སོ་གཏོང་མི་དགོས་པ་སོགས་ཀྱི་ཁྱད་ཆོས་ཡོད་པས་ཡིན། འོན་ཀྱང་ལག་ལེན་དངོས་ནང་ཡི་གེ་ཆེ་བར་སྨྱུག་མའི་སྨྱུ་གུ་དང་། ཆུང་བར་སི་སྨྱུག་སྤྱོད་པ་ཡིན། དེ་ལས་གོ་ལྡོག་སྟེ་ཡི་གེ་ཆེ་བར་སི་སྨྱུག་སྤྱད་པས་སྣག་ཚ་རྒྱུགས་དཀའ་བ་དང་ཡིག་ཆུང་ལ་སྨྱུག་མའི་སྨྱུ་གུ། བཀོལ་བས་སྨྱུག་ཁ་ཟད་སྐྱེན་པ་འབྱུང་།

         དེ་བཞིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཀྱང་ཤེས་བྱ་མཛོད་ལས། འབྲི་བའི་ལག་ཆ་རྒྱ་སྨྱུག་ནི། །སྡོང་པོ་ཆེར་སྐྱེས་ཤ་མཐུག་ལྕི། །མདོག་སེར་མ་འཆུས་སྦུ་གུ་མེད། །རྩི་འཇམ་སོས་མནན་འདྲེད་པ་ནི། །སྣག་གསེར་ཡིག་རིགས་ཀུན་ལ་བསྔགས། །འཇང་སྨྱུག་མདོག་ནག་སྦུ་གུ་ཅན། །སིབ་ཅེས་དཀྱུས་ཡིག་འབྲི་ལ་བདེ། །ལྕགས་སྨྱུག་གསུང་རབ་ལྟོས་ཆེར་བཟང་། །ལྷོ་སྨྱུག་རོང་སྨྱུག་ལེགས་པའང་རུང་། །ཞེས་བསྟན་པའང་གནད་གཅིག་ཅིང་། སིབ་བམ་སི་སྨྱུག་དཀྱུས་ཡིག་སྟེ་རྒྱུགས་ཡིག་སོགས་ཡིག་ཆུང་ལ་བཟང་བར་གསུངས་པའི་མཇུག་ལ་སྨྱུག་མའི་སྨྱུ་གུ་ཡིག་ཆེན་ལ་ལེགས་པར་བསྟན།   ཡི་གེ་ཤིན་ཏུ་ལྟོས་ཆེ་བའམ་མང་པོ་འབྲི་དགོས་ན་ལྕགས་སྨྱུག་ཁམ་ལེགས་པར་གཏོད་པ་རྣམས་བཟང་སྟེ་ཇི་ཙམ་བྲིས་ཀྱང་སྨྱུག་ཁ་མི་ཟད་པའི་ཕྱིར་རོ།།

        དེ་མིན་བཙན་པོའི་སྐུ་དུས་སུ་བྲག་དང་རྡོ་བའི་ངོས་སུ་གཙིགས་ཀྱི་ཡི་གེ་དང་། རྟེན་གསུམ་སོགས་བརྐོ་མང་བས། བལ་པོའི་བཟོ་བོ་རྣམས་ཀྱི་ལུགས་ལྟར་བསྐྱངས་པའི་གཟོང་སྨྱུག་དང་། རིན་ཆེན་རིགས་ཀྱི་སྣག་ཚ་སྤྱོད་པའི་པིར་སྨྱུག གྱང་ལྡེབས་སུ་འབྲི་བྱེད་ཀྱི་སྤེན་མ་དང་། འདམ་རྩྭ། དེ་མིན་ཤིང་རིགས་སྣ་ཚོགས་ལས་བྱས་པའི་སྨྱུ་གུ་སོགས་ནི་དམིགས་བསལ་གྱི་སྨྱུ་གུ་ཡིན་ནོ༎


མུ་འགོད


ཡིག་གཏགས་པ་དང་རྩོམ་སྒྲིག་པ་ཧེ་རམ་པ།