མཚོ་སྔོན་ཞིང་ཆེན་མང་རྫོང་སློབ་གསོ་ཅུས་ཡན་ལག་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་མང་རྫོང་ན་ཆུང་སློབ་ཕྱིའི་བྱ་འགུལ་ལྟེ་གནས་རུ་ལོ་རེར་དབྱར་དགུན་གནང་གི་སྐབས་སུ་ཉིན་ཉི་ཤུའི་རིང་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པའི་གོམས་སྲོལ་ཆགས་ཡོད་པ་ལྟར༢༠༢༠ལོའི་ཟླ་༡ཚེས་༡༡ཉིན་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་དངོས་སུ་ཚོགས་མགོ་བརྩམས།
གསོ་སྦྱོང་འཛིན་གྲྭ་འདི་ནི་གཙོ་བོ་ཆུང་འབྲིང་སློབ་མར་ཁ་གཏད་ནས་ཡིག་གཟུགས་སྣ་ཚོགས་ཁྲིད་བཞིན་ཡོད་པ་དང་། མང་རྫོང་ཡིག་མཁན་ནམ་གཞོན་སྐྱེ་ཡིག་གཟུགས་པ་ཐ་སྐྱེས་སྒྲོལ་མ་དོན་འགྲུབ་ནི་ཡིག་གཟུགས་འཛིན་གྲྭ་འདིའི་ཡིག་གཟུགས་ཀྱི་དགེ་རྒན་ཡིན། ཁོས་ཡིག་གཟུགས་འཛིན་གྲྭ་འདིར་ཡིག་གཟུགས་དགེ་རྒན་གྱི་འགན་འཁུར་ནས་ལོ་གཉིས་ལྷག་འགོར་ཡོད་ལ། སྔ་གཞུག་དུ་སློབ་མའང་ཉིས་བརྒྱ་ལྷག་ཙམ་བསྐྱངས་མྱོང་།
ཐེངས་འདིའི་ཡིག་གཟུགས་འཛིན་གྲྭས་གཙོ་བོ་སློབ་མ་རང་གི་ལོ་ཚོད་དང་བསླབ་སྦྱང་གནས་ཚུལ་དང་བསྟུན་ནས་ལྕགས་སྨྱུག་གི་འབྲི་ཐབས་དང་བོད་སྨྱུག་གི་འབྲི་ཐབས་གཉིས་ཀྱི་སྒོ་ནས་དབུ་ཅན་དང་དབུ་མེད་རིགས་གཉིས་ལ་ཁྲིད་རྒྱུན་ནང་བཞིན་སྦྱང་ཤིང་སྤྱད་དེ་སྦྱོང་བཞིན་ཡོད།
ད་ལོའི་གསོ་སྦྱོང་འདི་ལ་བསྡོམས་པས་འཛིན་གྲྭ་གཉིས་ཡོད་ལ། དམའ་རིམ་འཛིན་གྲྭ་སྟེ་ལྕགས་སྨྱུག་སྤྱད་ནས་སྨོན་ལམ་དབུ་ཅན་ཡིག་གཟུགས་འབྲི་ཐབས་སྦྱོང་བ་དང་། འབྲིང་རིམ་འཛིན་གྲྭ་སྟེ་སྲོལ་རྒྱུན་བོད་སྨྱུག་སྤྱད་ནས་དབུ་མེད་ལས་གཙང་བྲིས་ཚུགས་ཆེན་དང་འཁྱུག་ཡིག་འབྲི་ཐབས་སྦྱོང་བའི་འཛིན་གྲྭ་ཡིན། འཛིན་གྲྭ་ཡོངས་ལ་ཁྱོན་བསྡོམས་སློབ་མ་༣༡ཡོད་པ་དང་། དེའི་ཁྲོད་དུ། སློབ་ཆུང་སློབ་མ་དང་དམའ་འབྲིང་སློབ་མ། སློབ་ཆེན་སློབ་མ་བཅས་འདུ། གསོ་སྦྱོང་ཡུལ་དངོས་ཀྱི་པར་རིས་གནས་ཚུལ་བཀོད་པ་གཤམ་ལྟར།
ཡིག་གཟུགས་དགེ་རྒན་ཐ་སྐྱེས་སྒྲོལ་མ་དོན་གྲུབ་ངོ་སྤྲོད་མདོར་བསྡུས།
སྒྲོལ་མ་དོན་གྲུབ་བམ་ཐ་སྐྱེས།༡༩༩༢ལོའི་ཟླ་༡༠ཚེས༡༧ཉིན་མང་རྫོང་གི་མང་ར་ཞེས་བྱ་བར་སྐྱེས།ལོ་ན་ཆུང་ངུའི་དུས་ནས་སློབ་གྲྭར་འགྲིམས་ཤིང་བཤེས་གཉེན་ཐབས་མཁས་གང་མང་གི་བྱམས་སྐྱོང་འོག་རིག་པའི་གནས་ཀུན་ལ་བརྩོན་པ་བྱ་རྒྱུའི་སྐལ་བ་ལྡན།ཆུང་ངུའི་དུས་ནས་བཟུང་རི་མོ་དང་བོད་ཀྱི་ཡིག་གཟུགས་སྦྱོང་རྒྱུར་ཤིན་ཏུ་དགའ་བས།སློབ་ཆུང་ལོ་རིམ་གཉིས་པ་ནས་བཟུང་རྒན་བཀའ་དྲིན་ཅན་སོན་གསར་ནོར་བུ་འབུམ་དང་། ཕྱིས་སུ་དགེ་རྒན་ཆེན་མོ་མཚོ་སྐྱེས་དོན་གྲུབ་ཚེ་རིང་། རྒན་ཟུར་གཙང་གཡང་འབུམ་བཅས་ཀྱི་མཛུབ་ཁྲིད་འོག་ཡིག་གཟུགས་ལ་སྦྱངས་བ་བྱས་ནས་ད་བར་དུ་མ་གློད་པས་ལམ་བུ་དེ་གར་འབྲས་བུའང་མི་དམན་པ་ཞིག་བླངས་མྱོང་།ད་ལྟ་མཚོ་སྔོན་མཚོ་ལྷོའི་མང་རྫོང་མི་རིགས་སློབ་འབྲིང་དུ་ཞིང་སྡེའི་གཞོན་ནུའི་ཕོ་བྲང་གི་ཡིག་གཟུགས་དགེ་རྒན་གྱི་འགན་དང་སློབ་གྲྭ་དེ་གའི་སྐྱེ་དངོས་དགེ་རྒན་གྱི་འགན་འཁུར་ཡོད། ཞོར་དུ་མང་རྫོང་སློབ་གསོ་ཅུས་གདན་ཞུ་ལྟར་མང་རྫོང་གི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་རུ་ཡིག་གཟུགས་དགེ་རྒན་གྱི་འགན་ཡང་འཁུར་ཡོད།དེའང་ཡིག་གཟུགས་ཀྱི་ལས་ལ་ཡུན་པོར་འཇུས་པའི་འབྲས་རྟགས་སུ།༢༠༡༥ལོའི་ཟླ་༡༠པར་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པའི་བྱ་དགའ་བླངས་ཤིང་།༢༠༡༣ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཆབ་ཆའི་སློབ་ཁུལ་དུ་སྤེལ་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཡང་བསྐྱར་ཨང་གཉིས་པའི་བྱ་དགའ་བླངས།མ་ཟད།༢༠༡༥ལོའི་ཟླ་༧པའི་ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོ་༼ཐོན་མིའི་ཡིག་རྒྱུན༽་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས།བོད་ཡིག་གི་བྲིས་རྒྱུན་མི་འདྲ་བ་བརྒྱད་ལ་གྲུབ་འབྲས་གང་འཚམ་བླངས་ཤིང་།ད་ལྟ་ད་དུང་སློབ་གྲྭ་འགྲིམས་ཞོར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ལ་སློབ་སྦྱོང་དང་འབད་འབུངས་བྱེད་བཞིན་མཆིས། མ་ཟད་ཁོ་རང་སློབ་མཐར་ཕྱིན་ལ་ཉེ་བའི་དུས་འདིར་ཁོས་འགན་འཁུར་ནས་གསེར་སྤེལ་བྱས་པའི་༼ བོད་ཡིག་བྲིས་གཟུགས་མཁོ་ཆས་གསར་འདོན་དང་དར་སྤེལ་༽ ཞེས་པའི་ལས་གཞི་ལ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་ལས་རིགས་གསར་གཏོད་དང་གསར་སྤེལ་སྐོར་གྱི་འགྲན་བསྡུར་ཁྲོད་གཟེངས་རྟགས་བྱ་དགའ་ཐོབ་མྱོང་། ༢༠༡༧ལོར་སློབ་མཐར་ཕྱིན་པའི་གླགས་དང་བསྟུན་ནས་མི་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཞིག་ཀྱང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་རུ་གཟབ་རྒྱས་ངང་སྤེལ་མྱོང་།
གསར་འགྱུར་མཁོ་འདོན་པ། ཐ་སྐྱེས་སྒྲོལ་མ་དོན་གྲུབ།
པར་ངོས་རྩོམ་སྒྲིག་འགན་ཁུར་བའམ་སྒྲིག་བཟོ་བ། ཧེ་རམ་པ།
|